འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་བུ་མི་རབས་གཉིས་ཀྱི་བོད་སྐྱོར་བརྩེ་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་28ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         1957ལོར་ལོ་25ལ་སླེབས་པའི་ཝང་ཡིའུ་ལི་དཔུང་སྡེ་དང་མཉམ་དུ་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་རོང་བྲག་རྫོང་ལ་དམག་མི་བྱེད་པར་ཡོང་བ་དང་། 2014ལོའི་ཟླ་8པར་ལོ་45ལ་སླེབས་པའི་བུ་ཝང་ཝུན་ཁྲོན་རྩ་འཛུགས་ཀྱིས་རོང་བྲག་ལ་བོད་སྐྱོར་བྱེད་པར་བཏང་། ཉེ་ཆར་ཕ་བུ་གཉིས་རོང་བྲག་གི“བརྒྱ་གཅིག་ཁྲེང་ཧྭ་སྐོར་ལམ”ལ་ཐུག་ནས་རྒད་པོས་བོད་སྐྱོར་དུས་ཚོད་ཐིམས་ལ་ཉེ་བའི་བུར“ མུ་མཐུད་བསྡད་ནས་འདི་གར་འཛུགས་སྐྲུན་སྔར་བས་ཡག་པོ་ཞིག་བྱེད་དགོས”པའི་མངགས་བཅོལ་བྱས།
         ཕའི་མངགས་བཅོལ་བཞིན་ཝང་ཝུན་ཁྲོན་གྱིས་ཁྲེང་ཏུའུ་གྲོང་ཁྱེར་ཁྲེང་ཧྭ་ཆུས་རྩ་འཛུགས་པུའུ་ལ་བོད་སྐྱོར་རུ་ཁག་ཁག་གསུམ་པ་དང་མཉམ་དུ་སླར་ཡང་བོད་སྐྱོར་ལོ་གཉིས་བྱེད་པར་འགྲོ་རྒྱུའི་འདུན་པ་ཞུས།
         ལོ་63རྗེས་འཁར་བ་བཙུགས་ནས་བསྐྱར་དུ་རོང་བྲག་རྫོང་ལ་ཡོང་བའི་ཝང་ཡིའུ་ལིས་དེ་གའི་བཀོད་པ་གཙང་བའི་ཁྲོམ་གཞུང་དང་། འགྱིང་ཞིང་བརྗིད་པའི་ཟམ་ཆེན་མཐོང་འཕྲལ“འགྱུར་ལྡོག་ཆེན་པོ་བྱུང་འདུག”ཅེས་ཧང་སངས་སངས་ངང་བཤད། ཁོང་གིས་སྟོད་གོས་ཀྱི་ཁུག་མ་ནས་སྐབས་དེ་དུས་རོང་བྲག་རྫོང་དུ་དམག་མི་བྱེད་སྐབས་བརྒྱབ་པའི་པར་ཞིག་བཏོན་འོང་། དེ་ནི་ལོ་63གོང་རོང་བྲག་ཏུ་བརྒྱབ་པའི་པར་གཅིག་པུ་དེ་ཡིན་ཞིང་། དེ་དུས་ཁོང་གློ་བུར་དུ་ན་བའི་རྐྱེན་གྱིས་ཁྲེང་ཏུའུ་ལ་སྨན་བཅོས་བྱེད་པར་མི་འགྲོ་ཀ་མེད་བྱུང་བའི་འུ་ཐུག་གི་བློ་ཕམ་ཞིག་མངོན།
         ཝང་ཡིའུ་ལིའི་སེམས་ནང་རོང་བྲག་གི་མང་ཚོགས་ནི་སེམས་རྩ་འཁོལ་ལ་བབ་ཆགས་པ་དང་། དེ་དུས་ལམ་མཉམ་དུ་འཁེལ་བའི་བོད་རིགས་གཞོན་ཞུ་ཞིག་གིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “གཞོན་ནུ་དེའི་ཁྱིམ་རྫོང་མཁར་དང་ཐག་རིང་པོ་ཡོད་ཀྱང་ང་ཁོང་གི་ཁྱིམ་ལ་ཁྲིད་ནས་ཇ་སྲུབས་མ་བླུག་པ་དང་རྩམ་པ་སྟེར་བྱུང་། ཡིན་ནའང་བློ་ཕངས་པ་ཞིག་ལ་ལོ་མང་པོ་དེ་དག་ནང་། ཁོང་དང་འབྲེལ་བ་གཏན་ནས་བྱེད་ཐུབ་མ་སོང”ཞེས་རྒད་པོས་དབུགས་རིང་གཏོང་བཞིན་དུ་བཤད།
         རྒད་པོ་ཝང་ཡིའུ་ལི་རླངས་འཁོར་ནང་བསྡད་དེ་རི་སྐེད་དུ་སླེབས་སྐབས། མིག་མདུན་དུ་ལམ་གུ་ཡངས་པོར་གྱུར་པའི་མདོ་ཁར“བརྒྱ་གཅིག་བོད་སྡེ”ཞེས་པའི་བྱང་བུ་ཞིག་མིག་ལམ་དུ་མངོན་འོང་། རི་ལྡེབས་སུ་སྔོ་ལྗང་གོས་ཀྱིས་ཡོངས་སུ་བཀླུབས་པའི་ཁྲོད་ཚོན་མདོག་དམར་དཀར་སྤེལ་བའི་བོད་ཁྱིམ་མང་པོ་ཆགས་འདུག
         “སྔོན་མ་འདི་གར་གྱང་བརྡུངས་ཁང་པ་ཤ་སྟག་ཡིན”ཞེས་ཝང་ཡིའུ་ལིས་དེ་ལྟར་བཤད་པ་དང་འཁྲིས་སུ་ཡོད་པའི་བུ་ཝང་ཝུན་ཁྲོན་གྱིས“ད་ཆ་འདི་གར་ལམ་གུ་ཡངས་སུ་ཕྱིན་པ་དང་། བརྒྱ་གཅིག་བོད་སྡེའི་སྐོར་ལམ་འདི་ང་ཚོ་ཁྲེང་ཧྭ་ཆུས་ཀྱིས་རོགས་པ་བྱས་ནས་བརྒྱབ་པ་རེད། འདི་ལོའི་ཟླ་5པར་རླངས་འཁོར་ཤར་གཏོང་ཐུབ་མ་ཐག་ཡིན་པར་བརྟེན་མིང་ལ་བརྒྱ་གཅིག་ཁྲེང་ཧྭ་སྐོར་ལམ་ཞེས་འབོད་ཀྱིན་ཡོད། རི་སྟེང་དུ་སྤྱི་ལེ་13དང་རི་གཤམ་དུ་སྤྱི་ལེ་11ཡོད་པས། སྡེ་པའི་ནང་གི་བོད་རིགས་སྤུན་ཟླ་ཚོ་ཕྱིར་བསྐྱོད་རྒྱུར་སྟབས་ཧ་ཅང་བདེ་པོ་བྱུང་ཡོད”ཅེས་སྤོབས་པ་ཆེན་པོའི་ངང་བཤད།
         ཝང་ཝུན་ཁྲོན་གྱིས་རོང་བྲག་ལ་རོགས་སྐྲུན་བྱེད་པར་ཐོག་མར་ཡོང་སྐབས། དེ་གའི་ལམ་ལ་ལྟ་བཟོ་མེད་པས་གྲོང་མི་རྣམས་ཕྱིར་བསྐྱོད་རྒྱུར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། ང་དང་བོད་སྐྱོར་རུ་མི་གཞན་ཚོས་ཐལ་འཚུབ་ཆེ་བ་དང་འདམ་བག་པུས་མོ་བར་སླེབས་ནའང་། རྩད་ཞིབ་བྱ་རྒྱུར་མ་འཛེམས་པར་ཨར་ལས་ཚན་པ་མགྱོགས་མྱུར་སྒྲིག་འཛུགས་བྱས་ཏེ་ལས་འགོ་ཁྱོན་ཡོངས་ནས་བརྩམས་པ་དང་། ལས་ཀའི་མགྱོགས་ཚད་དང་སྤུས་ཚད་དམ་འཛིན་བྱས་ཁར། བོད་སྐྱོར་མ་དངུལ་ལས་ཀའི་འཕེལ་རིམ་ལ་གཞིགས་ནས་དུས་ཐོག་ཏུ་གནས་སར་འབྱོར་ཐུབ་པ་བྱ་ཆེད། ཨར་ལས་བྱ་ཡུལ་ལ་ལྟ་ཞིབ་བྱེད་པར་ཐེངས་100ལྷག་ཙམ་བསྐྱོད་དེ་ཁྲེང་ཧྭ་ཆུས་ཀྱིས་རོགས་སྐྲུན་བྱས་པའི་གཙོ་གནད་ལས་གྲྭ་དེ་འདི་ལོའི་ཟླ་5པར་ཁྱོན་ཡོངས་ནས་བསྒྲུབས་ཏེ། ངས་འཁོར་ཤར་གཏོང་ཐུབ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
         བུ་དང་ཁོང་གི་ལས་རོགས་ཚོའི་གྲུབ་འབྲས་ལ་ཕྱིར་མིག་ལྟ་སྐབས། ཝང་ཡིའུ་ལི་ཡིས“ལོ་63གོང་ང་གཤགས་བཅོས་བྱས་རྗེས་མུ་མཐུད་ལས་འགན་འཁུར་བར་འགྲོ་བསམས་ཀྱང་བྱུང་མ་སོང་། ད་རེས་ཁྱེད་ཀྱིས་མུ་མཐུད་ལོ་གཉིས་སྡོད་རྒྱུའི་འདུན་པ་ཞུས་ནས་འདི་གར་འཛུགས་སྐྲུན་སྔར་བས་ཡག་པོ་བྱས་ཏེ། ངའི་ལོ་མང་བསྒྲུབས་མ་ཐུབ་པའི་བསམ་འདུན་བསྒྲུབ་དགོས”ཞེས་བློ་ཁ་ཁེངས་བཞིན་དུ་བཤད།
         “ཐོག་མར་ཡོང་སྐབས་ཚང་མར་སྣ་ཁུང་ནས་ཁྲག་དོན་པ་དང་མཆུ་གས་པ་སོགས་རྟག་ཏུ་མི་འཕྲོད་པ་ཡོང་ནའང་། མུ་མཐུད་རྒྱུན་འཁྱོངས་བྱས་ཚེ་གོམས་རྒྱུ་འདུག ངས་འདི་ག་ཕ་ཡུལ་གཉིས་པར་བརྩིས་ནས་ཕའི་བསམ་འདུན་དང་རང་ཉིད་ཀྱི་བསམ་པ་བཞིན་རྩ་འཛུགས་ལ་བོད་སྐྱོར་ལས་དོན་རུ་ཁག་ཁག་གསུམ་པའི་ནང་ཞུགས་རྒྱུའི་འདུན་པ་ཞུས་པ་ཡིན”ཞེས་ཝང་ཝུན་ཁྲོན་གྱིས་བློ་རྩ་བརྟན་པོའི་ངང་བཤད།
      

    ཕྱོགས་བསྡུས་གསར་འགྱུར།