འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཇུས་གཞི་བཏོན་ནས"ལོ་ལྔ་ཚན་བཅུ་གསུམ་པའི"རིང་
    བོད་ཀྱིས་ས་ཁམས་མཚོན་བྱེད་ཀྱི་སྲུང་སྐྱོབ་ཐོན་རྫས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྤུས་ཚད་ལག་རྩལ་ལྟ་སྐུལ་ཅུས་ནས་ཤེས་རྟོགས་བྱུང་གསལ། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གཞུང་དོན་ཐིང་གིས་《བོད་ཀྱིས་ས་ཁམས་མཚོན་བྱེད་ཀྱི་སྲུང་སྐྱོབ་ཐོན་རྫས་རེ་ཞུའི་ལས་དོན་ལག་བསྟར་དོན་འཁྱོལ་དང་རྒྱབ་སྐྱོར་བྱ་རྒྱུའི་སྐོར་གྱི་ཇུས་གཞི་(2016ལོ་ནས་2020ལོའི་བར)》པར་འགྲེམས་བྱས་པ་རེད།
         《ཇུས་གཞིའི་》ནང་། ས་གནས་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་འགན་ནུས་སྡེ་ཚན་ལ་ཕྱོགས་བཞིའི་ཐད་ཀྱི་ལས་འགན་གཙོ་བོ་དམ་འཛིན་ཡག་པོ་བྱེད་དགོས་པའི་བླང་བྱ་གསལ་པོ་བཏོན་པ་སྟེ། གཅིག་ནས་སྒྲིག་འཛུགས་བྱས་ཏེ་ས་ཁམས་མཚོན་བྱེད་ཀྱི་སྲུང་སྐྱོབ་ཐོན་རྫས་རེ་ཞུ་བྱེད་དགོས་ཤིང་། རྫོང་ཁོངས་ས་ཚིགས་སུ་བྱས་ནས་ལྗོངས་ཡོངས་ཀྱི་ས་ཁུལ་(གྲོང་ཁྱེར)7དང་དེ་བཞིན་རྫོང་(ཆུས)74ཡི་མི་མངོན་པའི་ས་ཁམས་མཚོན་བྱེད་ཐོན་རྫས་ཐོན་ཁུངས་ལ་བརྟག་དཔྱད་བཅར་འདྲི་དང་བསྡོམས་རྩིས་དཔྱད་དཔོག་བྱས་ཏེ། རིམ་པ་བཞིན་ཐོ་འགོད་ཀྱིས་རྨང་གཞིའི་དཔྱད་གཞིའི་མཛོད་འཛུགས་དགོས་པ་དང་འབྲེལ། ཐོན་ཁུངས་ཡོངས་བཤེར་ལས་དོན་རྨང་གཞིར་བྱས་ནས་རང་བྱུང་འཐུང་ཆུ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས། མི་རིགས་ལག་ཤེས་བཟོ་ལས་ཐོན་རྫས་སོགས་མངོན་གསལ་དོད་དུ་གཏོང་བ་དང་། 《ས་ཁམས་མཚོན་བྱེད་ཀྱི་སྲུང་སྐྱོབ་ཐོན་རྫས་གཏན་འབེབས་》ཀྱི་ལས་ཀའི་བརྒྱུད་རིམ་གཞིར་བཟུང་། སྒྲིག་འཛུགས་བྱས་ནས་རྒྱལ་ཁབ་ལ་ས་ཁམས་མཚོན་བྱེད་ཀྱི་སྲུང་སྐྱོབ་ཐོན་རྫས་35རེ་ཞུ་བྱས་ནས་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་ལེགས་ཆར་བསྒྱུར་མགྱོགས་སུ་གཏོང་དགོས་པ་དང་། གཉིས་ནས་ས་ཁམས་མཚོན་བྱེད་སྲུང་སྐྱོབ་ཐོན་རྫས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ཤིང་། རྒྱལ་ཁབ་ཀྱིས་ལག་བསྟར་དང་སྲུང་སྐྱོབ་བྱས་པའི་ས་ཁམས་མཚོན་བྱེད་ཐོན་རྫས་ལ་ས་གནས་སྲིད་གཞུང་གིས་དེ་མཚུངས་ཀྱི་སྲུང་སྐྱོབ་ལམ་ལུགས་ཞིབ་འཇུག་བྱས་ནས་བཟོ་བ་དང་། འབྲེལ་ཡོད་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། བཅའ་ཁྲིམས་ཁྲིམས་སྲོལ་གྱི་གཏན་འབེབས་ལ་ནན་པོར་གཞིགས་ནས། ཐོན་རྫས་ཀྱི་སྤུས་ཀའི་ཁྱད་ཆོས་དང་མཚན་སྙན་སྲུང་སྐྱོབ་བྱེད་པ་དང་། རྒྱུན་གཏན་གྱི་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཤེས་བྱའི་བདག་དབང་སྲུང་སྐྱོང་བཅས་བྱེད་དགོས་པ། གསུམ་ནས་ས་ཁམས་མཚོན་བྱེད་སྲུང་སྐྱོབ་ཐོན་རྫས་ཀྱི་རྗེས་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞིང་། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་གཞིར་བཟུང་། ཐོན་སྐྱེད་ཀྱི་གཞི་ཁྱོན་ངེས་ཅན་ལྡན་པ་དང་། ཁྲོམ་རའི་ཤུགས་རྐྱེན་ཆེ་བ། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ་བཅས་ཀྱི་ས་ཁམས་མཚོན་བྱེད་སྲུང་སྐྱོབ་ཐོན་རྫས་འདེམས་པ། སྒྲིག་འཛུགས་བྱས་ནས་ས་ཁམས་མཚོན་བྱེད་ཐོན་རྫས་སྲུང་སྐྱོབ་ཀྱི་དཔེ་སྟོན་ཁུལ་འཛུགས་པ། “ཐོན་རྫས་གཅིག་སྲུང་སྐྱོབ་བྱེད་པ་དང་། སྤུས་རྟགས་གཅིག་གཏོད་པ། ཐོན་ལས་གཅིག་སྟོབས་ཆེར་གཏོང་བ། ཕྱོགས་གཅིག་གི་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་པ”བཅས་ཧུར་ཐག་བྱེད་དགོས་པ། བཞི་ནས་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་ཁམས་མཚོན་བྱེད་ཐོན་རྫས་སྲུང་སྐྱོབ་ལམ་ལུགས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་བྱེད་ཐབས་བཅས་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ས་ཁམས་མཚོན་བྱེད་ཐོན་རྫས་སྲུང་སྐྱོབ་ལས་དོན་ས་གནས་སྲིད་གཞུང་གི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་རྒྱལ་དམངས་དཔལ་འབྱོར་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ནང་བཅུག་སྟེ་སྤྱི་འདོམས་བསམ་གཞིག་བྱེད་དགོས་པ་བཅས་ཡིན། 《ཇུས་གཞིའི་》ནང་། ས་གནས་སྲིད་གཞུང་དང་འབྲེལ་ཡོད་ལས་རིགས་སྡེ་ཚན་ལ་ངོས་འཛིན་བྱེད་ཤུགས་སྔར་བས་མཐོ་རུ་བཏང་ནས་རང་སྐྱོང་ལྗོངས་ཀྱི་སྤུས་ཚད་དང་ཚད་ལྡན་ཅན་གྱི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གི་གཅིག་གྱུར་འགོ་ཁྲིད་འོག རིམ་པ་བཞིན་དེ་མཚུངས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་བཅས་བྱས་ནས་ཀྲུང་དབྱང་གི་རོགས་སྐྱོར་སྲིད་ཇུས་ཡག་པོ་སྤྱོད་དགོས་པ་དང་། རང་སྐྱོང་ལྗོངས་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དང་། རང་སྐྱོང་ལྗོངས་ཀྱི་ཁ་གསབ། ས་གནས་ཀྱི་ལྷན་སྦྱར་བཅས་ཀྱི་བྱེད་སྟངས་སྤྱད་དེ། ཐབས་ལམ་མང་པོའི་ཐོག་ནས་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་དང་། སྲིད་ཇུས་ཕྱོགས་ཤུགས་དང་འགྲོ་གྲོན་གཏོང་ཤུགས་ཆེ་རུ་གཏོང་བ། སྒྲིག་འཛུགས་བྱས་ནས་གོ་རིམ་ལྡན་པའི་ས་ཁམས་མཚོན་བྱེད་ཐོན་རྫས་ལ་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ཐོབ་རྒྱུ་རེ་ཞུ་བྱེད་པ། ཆོག་མཆན་ཐོབ་པའི་ས་ཁམས་མཚོན་བྱེད་སྲུང་སྐྱོབ་ཐོན་རྫས་ཀྱི་ལྟ་སྐུལ་དོ་དམ་དང་རྗེས་མཐུད་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ལས་ཀའི་དམིགས་ཚད་ཁག་ལེགས་བསྒྲུབ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།