འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།པུའུ་ཨུད་གཉིས་ཀྱིས་མཐོ་སློབ་ཀྱི་ཚན་རྩལ་གྲུབ་འབྲས་གནས་སྒྱུར་འཕོ་འགྱུར་གྱི་ཡོང་འབབ་
    ཚང་མ་སློབ་གྲྭར་རང་སོར་འཇོག་རྒྱུ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་དང་ཚན་རྩལ་པུའུ་ཡིས་《མཐོ་སློབ་གྱི་ཚན་རྩལ་གྲུབ་འབྲས་གནས་སྒྱུར་འཕོ་འགྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་པའི་ནང་མཐོ་སློབ་ཀྱི་ཚན་རྩལ་གྲུབ་འབྲས་གནས་སྒྱུར་འཕོ་འགྱུར་གྱི་ཡོང་འབབ་ཚང་མ་སློབ་གྲྭར་རང་སོར་འཇོག་རྒྱུ་དང་། སྡེ་ཚན་གྱི་སྔོན་རྩིས་ནང་འཇུག་རྒྱུ། རྒྱལ་ཁབ་ལ་གོང་འབུལ་མི་ཞུ་རྒྱུ་བཅས་ཡིན་ཞེས་བསྟན་ཡོད་པ་རེད།
         བསམ་འཆར་ནང་མཐོ་སློབ་རང་ལ་ཐོབ་པའི་ཚན་རྩལ་གྲུབ་འབྲས་ནང་བཤུག་གཏོང་རྒྱུ་དང་ཆོག་མཆན་སྤྲོད་རྒྱུའམ་ཡང་ན་གོང་ཕབ་མ་འཇོག་བྱ་རྒྱུའི་གཏན་ཁེལ་རང་ཚུགས་ངང་བྱེད་ཆོག རྒྱལ་ཁབ་ཀྱི་གསང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་ཕུད་དེ་མིན་རྣམས་མཆན་བཀོད་བཀའ་ལན་ནམ་ཐོ་འགོད་སྙན་སེང་ཞུ་མི་དགོས། ཚན་རྩལ་གྲུབ་འབྲས་གཏོད་པ་དང་འཕོ་འགྱུར་བྱེད་པའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་མཁན་མི་སྣར་བྱ་དགའ་དང་ཐོབ་ཆ་སྤྲད་རྗེས་གྲུབ་འབྲས་དག་ཚན་རིག་ལག་རྩལ་ཞིབ་འཇུག་དང་གྲུབ་འབྲས་འཕོ་འགྱུར་སོགས་འབྲེལ་ཡོད་ལས་དོན་ནང་སྤྱོད་དགོས་ཞེས་བསྟན་ཡོད་པ་རེད།
         མཐོ་སློབ་ཀྱིས་ཁྲིམས་ལྟར་ལས་གནས་ཀྱི་ཚན་རྩལ་གྲུབ་འབྲས་གཏོད་མཁན་དང་གྲུབ་འབྲས་འཕོ་འགྱུར་བྱ་ཕྱིར་ལེགས་སྐྱེས་ཆེན་པོ་འབུལ་མཁན་གཞན་ལ་བྱ་དགའ་སྤྲོད་སྐབས་གཤམ་གྱི་གཏན་འབེབས་ལྟར་ལག་བསྟར་བྱེད་དགོས་པ་སྟེ། ལག་རྩལ་ནང་བཤུག་གཏོང་བའམ་ཡང་ན་ཆོག་འཐུས་རྣམ་པའི་ལས་གནས་ཀྱི་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་བྱས་རིགས་ལ་ཆ་མཚོན་ན། ལག་རྩལ་ནང་བཤུག་གཏོང་བའམ་ཡང་ན་ཆོག་མཆན་སྤྲད་པ་ལས་བྱུང་བའི་ཡོང་འབབ་ཁེ་གཙང་ཁྲོད་ནས་50%ལས་མི་དམའ་བ་ཞིག་བཏོན་ནས་བྱ་དགར་བརྩི་དགོས་པ། ཚན་རྩལ་གྲུབ་འབྲས་གོང་ཕབ་མ་འཇོག་འཕོ་འགྱུར་བྱས་པའི་རིགས་ལ་ཆ་མཚོན་ན། གོང་ཕབ་མ་འཇོག་བྱས་པ་ལས་བྱུང་བའི་མ་རྐང་ངམ་ཡང་ན་མ་རྩ་བཏང་བའི་བསྡུར་གྲངས་ཁྲོད་ནས་50%ལས་མི་དམའ་བ་བཏོན་ཏེ་བྱ་དགར་བརྩི་དགོས་པ། ཞིབ་འཇུག་གསར་སྤེལ་དང་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་བྱེད་པའི་ཁྲོད་ལེགས་སྐྱེས་གཙོ་བོ་འབུལ་མཁན་ལ་བྱ་དགའི་སྐར་གྲངས་དེ་སྤྱི་འབོར་གྱི་50%ལས་མི་དམའ་བ་བྱེད་དགོས་པ། གྲུབ་འབྲས་གནས་སྒྱུར་འཕོ་འགྱུར་གྱི་ཁེ་བཟང་ལས་གོང་གསལ་མི་སྣར་སྤྲད་པའི་བྱ་དགའ་དང་ཐོབ་ཆ་ཕུད། གཞན་རྣམས་ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གནས་སྒྱུར་འཕོ་འགྱུར་སོགས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་རྒྱུར་སྤྱོད་དགོས་པ་དང་སྦྲགས་ལག་རྩལ་གནས་སྒྱུར་ལས་ཁུངས་ཀྱི་འཁོར་རྒྱུག་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་ཡང་བྱེད་དགོས་པ་བཅས་རེད།
         བསམ་འཆར་ནང་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་བྱེད་པའི་རིང་ལག་རྩལ་བརྗེ་འཚོང་ཁྲོམ་རར་སྒོ་བྱང་འགེལ་བ་དང་ཧབ་འཚོང་སྐུལ་བ་སོགས་ཀྱི་རྣམ་པ་བརྒྱུད་གོང་ཚད་གཏན་ཁེལ་བྱས་པའི་རིགས་སམ་ཡང་ན་གྲོས་མོལ་བྱས་པ་བརྒྱུད་གོང་ཚད་གཏན་ཁེལ་བྱེད་པ་དང་འབྲེལ་གཏན་འབེབས་ལྟར་སློབ་གྲྭའི་ནང་ཁུལ་དུ་སྤྱི་བསྒྲགས་བྱས་པའི་རིགས་ལ་ཆ་མཚོན་ན། མཐོ་སློབ་འགོ་ཁྲིད་ཀྱིས་འོས་འགན་གཙང་སྒྲུབ་བྱས་པ་དང་ཁྲིམས་འགལ་གྱིས་ཁེ་ཕན་ཧམ་ལེན་བྱས་མེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚན་རྩལ་གྲུབ་འབྲས་གྱི་གོང་གཏན་ཁེལ་བྱེད་པའི་ཁྲོད་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་བྱས་རྗེས་རྗེས་མཐུད་རིན་ཐང་འགྱུར་བ་བྱུང་བའི་འཐབ་ཇུས་འགན་འཁྲི་མེད་པ་བཟོ་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད།
         བསམ་འཆར་ནང་མཐོ་སློབ་ཀྱི་ཚན་རྩལ་མི་སྣར་ཆ་མཚོན་ན། ལས་གནས་འགན་འཁྲི་ཁུར་བ་དང་རང་འཁྲིའི་ལས་ཀ་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་སློབ་གྲྭའི་མོས་མཐུན་ཐོབ་པ་བརྒྱུད་ཁེ་ལས་སུ་ཚན་རྩལ་གྲུབ་འབྲས་འཕོ་འགྱུར་གྱི་ལས་འགན་གཅིག་ལྕོགས་སུ་ཁུར་ཆོག་པའམ་ཡང་ན་ལས་གནས་ནས་ཁ་བྲལ་ཏེ་ལས་གཏོད་ཀྱང་བྱེད་ཆོག་(ལོ་གསུམ་ནང་མི་དོན་འབྲེལ་བ་རང་སོར་འཇོག་རྒྱུ་ཡིན་པ་)ཅེས་བསྟན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།