འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།ཆབ་མདོ་གྲོང་ཁྱེར་གྱིས་ཁྲོན་བོད་དང་། ཡུན་བོད། མཚོ་བོད་བཅས་ཀྱི"བགྲོད་ལམ་ཆེན་
    པོ"སྐྲུན་གྲབས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་23ཉིན། 09:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། "ལོ་ལྔ་ཚན་བཅུ་གསུམ་པའི"རིང་། བོད་ལྗོངས་ཆབ་མདོས་ཁྲོན་བོད་དང་། ཡུན་བོད། མཚོ་བོད་བཅས་ཀྱི“བགྲོད་ལམ་ཆེན་པོ”གཙོ་གནད་དུ་བྱས་པའི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་བྱས་ནས་འགྲིམ་འགྲུལ་ཐད་ཀྱི་འཇུར་མིག་སེལ་རྒྱུ་ཡིན་པ་རེད།
         ཆབ་མདོ་ནི་བོད་ཤར་རྒྱུད་ཀྱི་བོད་ལྗོངས་དང་། སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཞིང་ཆེན་(ལྗོངས)བཞིའི་འབྲེལ་མཚམས་སུ་གནས་ཤིང་། དེ་ནི་ཀྲུང་གོའི་ཤམ་བྷ་ལ་ཆེན་པོའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ཇ་རྟའི་གནའ་ལམ་རིག་གནས་ཀྱི་ལྟེ་བའི་གྲུབ་ཆ་ཡིན་པ་མ་ཟད་བོད་ནས་ནང་སར་སྐྱོད་པའི་སྒོ་མོ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།
         བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་འགན་འཁུར་བས་ཉེ་ཆར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཞིག་གི་ཐོག་ནས། ཆབ་མདོ་ནི་བོད་རིགས་ཀྱི་གནའ་བོའི་ཤེས་དཔལ་གྱི་ལྟེ་གནས་ཤིག་དང་ཁམས་པའི་རིག་གནས་ཀྱི་འབྱུང་ཁུངས་ཡིན་པས་ལོ་རྒྱུས་རྒྱུན་རིང་ཞིང་རིག་གནས་ཀྱི་རྣམ་པ་ཟབ་མོ་ལྡན་ཡོད། ཡིན་ན་ཡང་ས་ཆ་མང་ཆེ་བར་རི་མཐོན་པོ་དང་རོང་ཟབ་མོ་མང་པོ་ཡོད་པས་བགྲོད་ལམ་ཧ་ཅང་བདེ་པོ་མེད། དེར་བརྟེན་མི་མང་པོ་ཞིག“ཡོང་འདོད་ཀྱང་ཡོང་ཐུབ་ཀྱི་མེད་པ་རེད”གནད་དོན་དེ་ཐག་གཅོད་བྱེད་ཆེད“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆབ་མདོས་ཆབ་མདོ་ནས་ཡུན་ནན་བདེ་ཆེན་དང་། ཆབ་མདོ་ནས་མཚོ་སྔོན་ཡུལ་ཤུལ། ཆབ་མདོ་ནས་སི་ཁྲོན་དཀར་མཛེས་བཅས་དབར་གྱི་རིམ་མཐོའི་གཞུང་ལམ་གྱི་དུས་འགོའི་རིགས་སྒྲུབ་ཁུངས་སྐྱེལ་ལས་དོན་སྤེལ་མགྱོགས་སུ་གཏོང་རྒྱུ་དང་ཆབས་ཅིག་འཛུགས་སྐྲུན་བྱེད་འགོ་ཡང་འཛུགས་རྒྱུ་ཡིན་པ་དང་། “གཞུང་ལམ་ཤར་གཏོང་ཐུབ་རྗེས་སྒེར་འཁོར་བཏང་ནས་ཆབ་མདོར་ཡུལ་སྐོར་བྱེད་མཁན་ཚོར་འགྲིམ་འགྲུལ་ཁོར་ཡུག་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད”ཅེས་ངོ་སྤྲོད་བྱས་པ་རེད།
         རྨང་གཞིའི་སྒྲིག་བཀོད་སོགས་ཀྱིས་རྐྱེན་མིག་སྔར་ཆབ་མདོ་ནས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ལྷ་ས་བཅས་དབར་གྱི་མཁའ་ལམ་གསུམ་ལས་ཤར་གཏོང་བྱས་མེད་པས་ཆབ་མདོར་འགྲོ་འོང་བྱེད་མཁན་མཁའ་འགྲུལ་ཅུང་ཉུང་མོད། ཡིན་ན་ཡང་ཡུལ་སྐོར་བ་མང་ཤོས་ཀྱི་སྐབས་སུ་སྤ་སེ་གཅིག་ཀྱང་ཉོ་དཀའ་བའི་གནས་ཚུལ་ཡང་ཐོན་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད།
         ཉིན་ཤས་གོང་། དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་གསལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ཆབ་མདོ་གྲོང་ཁྱེར་གྱི་མཁའ་འགྲུལ་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུ་ཡིན་པ་སྟེ། དུས་གཏན་གནམ་གྲུ་དང་མཁའ་ལམ་མང་དུ་གཏོང་རྒྱུ་མ་ཟད་ཆབ་མདོ་སྤང་མདའ་གནམ་ཐང་རྒྱས་སྐྲུན་རྣམ་གྲངས་སྐྲུན་མགྱོགས་སུ་ཡང་གཏོང་རྒྱུ་ཡིན་པ་རེད། སྤང་མདའ་གནམ་ཐང་གི་རྒྱུག་ལམ་གཉིས་པ་སྐྲུན་འགོ་ཚུགས་ཤིང་། སྔོན་རྩིས་བརྒྱབ་ན་འདི་ལོའི་ལོ་སྨད་དུ་སྐྲུན་ཐུབ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་འདི་ལོ་སྤང་མདའ་གནམ་ཐང་གི་མཁའ་འགྲུལ་ལྟེ་གནས་རྒྱས་སྐྲུན་ལས་གྲྭ་ཡང་སྤེལ་འགོ་འཛུགས་རྒྱུ་ཡིན་པ་རེད།
         འགན་འཁུར་བ་དེས། འགྲིམ་འགྲུལ་ཐད་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་རྗེས་ཆབ་མདོས་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་དང་འབྲེལ་བའི་ས་གནས་ཀྱི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཐོག་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་ཡང་སྦྲེལ་མཐུད་བྱས་ནས་མཐའ་འཁོར་གྱི་དཔལ་འབྱོར་འཁོར་ལམ་ཆེ་གྲས་ཁག་དང་འབྲེལ་མཐུད་བྱས་ཏེ་ཞིང་ཆེན་(ལྗོངས)བཞིའི་འབྲེལ་མཚམས་ཀྱི་ས་ཁོངས་དཔལ་འབྱོར་ལྟེ་གནས་གཏོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།