འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་ཏོག་རྫོང་གི་ཤང་ཚང་མར་གློག་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཡ་རང་གློག་ཁང་དང་དེའི་སྐུད་ལམ་རིང་གཏོང་ལས་གྲྭ་གཉེར་འགོ་ཚུགས་ནས་ཀྲུང་གོའི་གཞུང་ལམ་ཤར་གཏོང་ཕྱི་ཤོས་ཀྱི་རྫོང་ཡིན་པའི“ཡུལ་པདྨ་བཀོད”ཅེས་ཤོད་སྲོལ་ཡོད་པའི་བོད་ཀྱི་མེ་ཏོག་རྫོང་དེར་ད་ཆ་གློག་དཀོན་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། འདི་ལོ་གློག་དྲ་དེ་མེ་ཏོག་གི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཐག་རིང་ལུང་ཁུག་ཤང་སྟེ་དགའ་ལྡན་ཤང་བར་འཁྲིད་པར་བརྟེན་མེ་ཏོག་རྫོང་དུ་གློག་དྲ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། ཧྭ་ནུས་ཚོགས་པས་2012ལོའི་ཟླ་བཅུ་པར་བོད་ཀྱི་མེ་ཏོག་ཏུ་བཅའ་སྡོད་བྱས་པ་ནས་བཟུང་། ལོ་གསུམ་ལྷག་ཙམ་རིང་འབད་བརྩོན་ལྷོད་མེད་བྱས་པས་གློག་ཤུགས་དབུལ་སྐྱོར་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།
           མེ་ཏོག་རྫོང་གི་འགན་ཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཧྭ་ནུས་ཀྱིས་གློག་ཤུགས་དབུལ་སྐྱོར་མ་བྱས་གོང་མེ་ཏོག་རྫོང་གི་མི་རེར་ཆ་སྙོམས་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་0.1ལས་མེད། ལྷག་པར་དུ་དགུན་དུས་རྫོང་ཡོངས་ཀྱི་ཆུ་ཤུགས་གློག་ཁང་ཆུང་གྲས་ཀྱིས་གློག་ཆན་ཝ་300ལས་འདོན་མི་ཐུབ་པའི་རྐྱེན་གྱིས་གློག་དཀོན་པ་དང་བརྟན་པོ་མེད་ལ་གློག་ཆད་པ་ནི་རྒྱུན་གྱི་གནས་ཚུལ་ཡིན། ཁྲའེ་སྣུམ་གློག་འདོན་འཕྲུལ་ཆས་དེ་གློག་ཤུགས་ཀྱི་ཡོང་ཁུངས་གཙོ་བོར་གྱུར་པ་དང་། རྫོང་གྲོང་ཁོ་ནར་ཁྲའེ་སྣུམ་གློག་འདོན་འཕྲུལ་ཆས་400ལྷག་ཡོད། འཕྲུལ་ཆས་ནས་གློག་འདོན་ཚད་ཆན་ཝ་5000ཟིན་པའི་ཡ་རང་ཆུ་ཤུགས་གློག་ཁང་ནས་གློག་འདོན་འགོ་ཚུགས་རྗེས་མེ་ཏོག་གི་མི་རེར་ཆ་སྙོམས་འཕྲུལ་ཆས་ནས་གློག་འདོན་ཚད་ལྡབ་4འཕར་བས་རྫོང་ཡོངས་ལ་གློག་དཀོན་པའི་གནད་དོན་རྦད་དེ་ཐག་གཅོད་ཐུབ་ཡོད། འདི་ལོ་གློག་དྲ་དེ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་བྱ་ར་ས་ཤང་དང་དགའ་ལྡན་ཤང་བར་ཁྱབ་ནས་མེ་ཏོག་རྫོང་ཡོངས་སུ་གློག་དྲ་ཁྱོན་ཡོངས་ནས་ཁྱབ་པ་དང་མེ་ཏོག་གི་གློག་བརྟན་ཚད་ཆེ་རུ་ཕྱིན་ཡོད།
         ཧྭ་ནུས་མེ་ཏོག་གློག་ཤུགས་ཀུང་སིའི་ཅིང་ལི་ལུའུ་ཏའོ་ཧུའེ་ཡིས་མེ་ཏོག་ཏུ་ལོ་3ལྷག་ཙམ་ནང་གློག་ཤུགས་དབུལ་སྐྱོར་ལས་དོན་སྤེལ་རིང་འཕྲད་པའི་དཀའ་ངལ་དེ་དག་བསམ་ཡུལ་ལའང་འཁོར་ཐབས་བྲལ་བ་ཞིག་ཡིན། གཞུང་ལམ་ཤར་གཏོང་མ་བྱས་གོང་ཧྭ་ནུས་ཀྱི་ལས་བཟོ་རྐང་ཐང་མར་མེ་ཏོག་ལ་འགྲོ་འོང་བྱེད་དགོས་པས་འགྲོ་ཐེངས་རེར་ཉིན་3ནས་4བར་འགོར་གྱི་ཡོད་ཅེས་གསར་འགོད་པར་བཤད།
          2013ལོའི་ཟླ་10པར་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་ནས་འགྲིམ་འགྲུལ་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་མོད། འོན་ཀྱང་ཁྲབ་རྨོག་ནས་མེ་ཏོག་བར་གྱི་གཞུང་ལམ་དེ་གངས་རི་དང་གདོད་མའི་ནགས་ཚལ་བརྒྱུད་ནས་བསྐྲུན་པས་གཞུང་ལམ་ཡང་བདེ་པོ་མེད། ད་དུང་ཆུས་ལམ་འཁྱེར་བ་དང་། ལམ་རྡིབ་པ། འདམ་རྡོའི་ཆུ་རུད་ཐོན་པ། གངས་རྡིབ་ཐེབས་པ་སོགས་ཀྱི་གནོད་འཚེས་རྐྱེན་པས་རྟག་ཏུ་ལམ་འགག་གི་ཡོད། རི་མཐོ་ལ་གཡང་གཟར་བ་དང་འཁོར་ལམ་གུ་དོག་པས་སྨི་7ཡན་གྱི་རླངས་འཁོར་དེ་ནས་འགྲོ་མི་ཐུབ་པ་དང་སྒྲིག་ཆས་ཆེ་གྲས་དེ་ནས་སྐྱེལ་འདྲེན་བྱེད་ཐབས་བྲལ། གཞུང་ལམ་མེད་པའི་ལམ་དུམ་དུ་མིའི་སྒལ་པར་འཁུར་བ་དང་རྟ་དྲེལ་ཐོག་བཀལ་ནས་དབོར་དགོས་ཀྱི་ཡོད།
         ཡུལ་གཞན་དང་མི་འདྲ་བར་དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཨར་སྐྲུན་བྱེད་དགོས་པའི་རྐྱེན་གྱིས་མེ་ཏོག་གི་གློག་ཤུགས་འཛུགས་སྐྲུན་མ་གནས་ཉུང་མཐར་ཡང་ནང་སའི་ལྡབ་4ཡན་ཟིན་གྱི་ཡོད།
          ཤང་ཚང་མར་གློག་ཤར་གཏོང་ཐུབ་པ་ཕུད། ཧྭ་ནུས་ཀྱིས་རྫོང་གྲོང་གི་ཚད་གཞི་གཞིར་བཟུང་མེ་ཏོག་གི་གྲོང་ཚོ་ཚང་མའི་གློག་དྲར་སྒྱུར་བཀོད་བྱས་ཏེ་རྒྱ་ཆེའི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་གྲོང་ཚོར་རྫོང་གྲོང་གི་གྲོང་མི་ལྟར་བདེ་འཇགས་ལྡན་ལ་བརྟན་པོ་ཡོད་པའི་གློག་སྤྱོད་ཐུབ་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།