འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཡུན་ནན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2016ལོའི་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལས་འགོ་བཙུགས་ཡོད། མིག་སྔའི་བར་དུད་ཚང་2000སྐྲུན་བཞིན་ཡོད་པས་ལས་འགོ་ཚུགས་ཚད་67%ཟིན་གྱི་ཡོད། རྣམ་གྲངས་ཀྱི་འཆར་གཞི་དང་ལས་ཡུན་གྱི་བླང་བྱ་གཞིར་བཟུང་། ཟླ་བ་9པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལས་འགོ་འཛུགས་ཐུབ་པ་བྱ་རྒྱུ་རེད།
          སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཁུལ་དབྱེ་ནས་ལག་བསྟར་བྱ་རྩིས་ཡོད་པ་དང་གཙོ་བོ་རྒྱལ་ཐང་གྲོང་རྡལ་བྱང་འདབས་ཁུལ་གྱི་དུད་ཚང་1375དང་། བྱང་སྒོའི་ཁུལ་གྱི་དུད་ཚང་647 རྒྱལ་ཐང་གྲོང་རྡལ་གྱི་དུད་ཚང་978བཅས་ཁྱོན་དུད་ཚང་3000གི་ཉེན་ཡོད་སྡོད་ཁང་རྙིང་པར་སྒྱུར་བཀོད་བྱ་རྒྱུ་རེད། དེའི་ནང་Cརིམ་པ་དང་དེ་ཡན་གྱི་ཉེན་ཡོད་སྡོད་ཁང་རྙིང་པར་ཉམས་གསོ་བྱ་རྒྱུ་དང་Dརིམ་པའི་སྡོད་ཁང་བཤིག་རྗེས་ས་ཆ་དེ་རང་དུ་བསྐྱར་སྐྲུན་དང་སྒྱུར་བཀོད་བྱ་རྒྱུ་རེད། གཞན་ཡང་། སྡོད་ཁང་སྐྱོ་ཁུལ་གྱི་འགྲོ་ལམ་དང་། ཆུ་འགྲོ གློག འཕྲིན་གཏོང་། དྲོད་རླངས་མཁོ་འདོན། ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་སོགས་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་རྒྱུ་རེད།
          སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ལ“སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ”ཀྱི་འཁོར་རྒྱུག་བྱེད་སྟངས་བརྒྱུད། ཞབས་ཞུ་ཉོ་སྒྲུབ་བྱེད་པའི་འགན་འཁུར་མཁན་ཡིན་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གིས་འབྲེལ་ཡོད་ཁྲིམས་སྲོལ་དང་གོ་རིམ་གཞིར་བཟུང་། རྣམ་གྲངས་གཙོ་འགན་འཁུར་མཁན་ཡིན་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཞུང་ཁོངས་རྒྱུ་ནོར་གཉེར་སྐྱོང་མ་འཇོག་ཀུང་སི་དང་བདེ་ཆེན་ཡུན་ནེང་མ་འཇོག་ཚད་ཡོད་ཀུང་སི་གཉིས་པོས་མ་དངུལ་གྲབས་གསོག་དང་། འཛུགས་སྐྲུན། གཉེར་སྐྱོང་། དེ་བཞིན་དོ་དམ་སོགས་ཀྱི་ལས་ཀའི་འགན་ཁུར་རྒྱུའི་གཏན་འཁེལ་བྱས་པ་རེད།
          རྣམ་གྲངས་ལག་བསྟར་བྱེད་རིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་དེ་བཞིན་ལས་ཀའི་སྒྲིག་གཞི་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཆེད་སྤྱོད་མ་དངུལ་དོ་དམ་བེད་སྤྱོད་ཀྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་པོ་དང་དུད་ཚང་སོ་སོར་རྩིས་ཁྲ་བཟོས་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཆེད་དངུལ་དམིགས་སར་སྤྱོད་པ་དང་། མ་དངུལ་ལ་ལྟ་སྐུལ་དོ་དམ། ཞིབ་བཤེར། རྩིས་བཤེར་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ་མ་དངུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཕན་འབྲས་ཏན་ཏིག་ཐོན་པ་བྱེད་རྒྱུ་མ་ཟད། འཛུགས་སྐྲུན་རྣམ་གྲངས་བཀོད་འདོམས་པུའུ་ཡིས་རྩད་ཞིབ་དང་། ཇུས་བཀོད། ཨར་སྐྲུན། ལྟ་སྐུལ་དོ་དམ་སོགས་ཀྱི་འཛུགས་སྐྲུན་གྱི་ཕྱོགས་ཁག་གི་སྤུས་ཚད་ཀྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཏེ་ལས་ཀ་མ་བྱས་གོང་སྟངས་འཛིན་ཐུབ་པ་དང་། ལས་ཀ་བྱེད་སྐབས་ཞིབ་བཤེར་ཐུབ་པ། ལས་ཀ་བྱས་རྗེས་རྩིས་སྤྲོད་རྩིས་ལེན་ཐུབ་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་ཐུབ་པ་བྱེད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།