འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱིས་ནང་སའི་འཕེལ་རྒྱས་ཀྱི་རྗེས་སྙེགས་པའི་མྱུར་ཚད་རིམ་བཞིན་མགྱོགས་སུ་ཕྱིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། 2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་འགོ་མ་ཚུགས་གོང་། ཀྲུང་ཕྱིའི་སྐུ་མགྲོན་མང་པོ་ལྷ་སར་ལྷན་དུ་འཛོམས་ཡོད། ཉིན་དེ་དག་ནང་སྐུ་མགྲོན་ཚོས་བོད་ཀྱི་ས་ཁུལ་ཁག་ཏུ་གཟིགས་སྐོར་རྟོག་ཞིབ་གནང་བར་ཕེབས་པས་ཁོང་ཚོར་ད་ཕན་ལོ་ཤས་རིང་བོད་ཀྱི་འཕེལ་རྒྱས་མྱུར་ཚད་ཧ་ཅང་མགྱོགས་སུ་ཕྱིན་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད། བོད་ཀྱིས་མེས་རྒྱལ་ནང་སའི་འཕེལ་རྒྱས་མྱུར་ཚད་ཀྱི་རྗེས་ཟིན་པ་བྱས་ནས་དེ་སྔའི་ལོ་བཅུ་ཕྲག་དང་། ལོ་བཅུ་གྲངས། ལོ་ཁ་ཤས་བཅས་ནས་ད་ལྟའི་ཟླ་བ་ཁ་ཤས་དང་ཐ་ན་དུས་ཚོད་ཀྱི་ཁྱད་པར་མེད་པའི་བར་མགྱོགས་སུ་ཕྱིན་པ་གསར་འགོད་པས་ཤེས་རྟོགས་བྱུང་།
          བོད་ཀྱི་གཞུང་ལམ་དང་པོ་ནི་1954ལོའི་ཟླ་12པར་ཤར་གཏོང་ཐུབ་པའི་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཡིན། ཀྲུང་གོའི་གཞུང་ལམ་དང་པོ་ནི་1904ལོར་བསྐྲུན་པའི་ཐའེ་ཏུང་གྲོང་རྡལ་ནས་ལའོ་ཧྲན་གྱི་ལིའུ་ཧྲུའུ་ཐའེ་བར་གྱི་གཞུང་ལམ་ཡིན། གཞུང་ལམ་དེ་གཉིས་དབར་ཧེ་བག་ལོ་50ཏག་ཏག་ཡོད། ཀྲུང་གོའི་མྱུར་བགྲོད་གཞུང་ལམ་དང་པོ་ནི་1988ལོའི་ཟླ་10པར་ལས་མཇུག་འགྲིལ་བའི་ཧྲང་ཧའེ་ནས་ཅ་ཏིང་ཆུས་བར་གྱི་མྱུར་བགྲོད་གཞུང་ལམ་ཡིན་པ་དང་བོད་ཀྱི་མྱུར་བགྲོད་གཞུང་ལམ་དང་པོ་ནི་2011ལོའི་ཟླ་7ཚེས་17ཉིན་རླངས་འཁོར་ཤར་གཏོང་ཐུབ་པའི་ལྷ་སའི་གོང་དཀར་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་ཡིན་པས་དེ་གཉིས་དབར་ཧེ་བག་ལོ་23ཡོད།
         1965ལོའི་ཟླ་3ཚེས་1ཉིན་དབྱིའར—18རྟགས་ཅན་གྱི་གནམ་གྲུ་ཞིག་པེ་ཅིང་ནས་ཐོན་ཏེ་ཉིན་གཉིས་པར་བོད་ཀྱི་འདམ་གཞུང་གནམ་ཐང་དུ་འབྱོར་བ་དེ་ཐོག་ནས་བོད་ཀྱི་དམངས་སྤྱོད་མཁའ་འགྲུལ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། 1920ལོར་པེ་ཅིང་ནས་ཐེན་ཅིན་བར་གྱི་རང་རྒྱལ་གྱི་མཁའ་ལམ་དང་པོ་དེ་ཤར་གཏོང་ཐུབ་པས་དེ་གཉིས་དབར་ཧེ་བག་ལོ་45ཡོད། ཉེ་བའི་ལོ་བཅུའི་རིང་། བོད་ཀྱི་ནག་ཆུ་ས་ཁུལ་ཕུད། ས་ཁུལ་དང་གྲོང་ཁྱེར་གཞན་ཚང་མར་གནམ་ཐང་ཡོད་པ་རེད།
          2006ལོའི་ཟླ་7ཚེས་1ཉིན་ཤར་གཏོང་ཐུབ་པའི་མཚོ་བོད་ལྕགས་ལམ་ནི་བོད་ཀྱི་ལྕགས་ལམ་དང་པོ་དེ་ཡིན། 1876ལོའི་ཟླ་7ཚེས་3ཉིན་ཀྲུང་གོའི་ལྕགས་ལམ་དང་པོ་ཧྲང་ཧའེ་ནས་ཅང་དབན་བར་གྱི་སུང་ཧུའུ་ལྕགས་ལམ་ཤར་གཏོང་ཐུབ་ཡོད། 2014ལོར་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ཡོད། 2014ལོར་ལས་འགོ་ཚུགས་པའི་ལྷ་ཉིང་ལྕགས་ལམ་སྔོན་རྩིས་བྱས་ན་2020ལོར་ལས་མཇུག་འགྲིལ་ནས་མེ་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།
         ཀྲུང་གོ་གསར་པའི་ཁྲོམ་ཞུགས་ཀུང་སི་ཁག་དང་པོ་དེ་1990ལོའི་ལོ་མཇུག་ཏུ་བཙུགས་པ་དང་1993ལོར་ལྷ་སར་རང་སྐྱོང་ལྗོངས་ཀྱི་འཛིན་ལོར་ཉོ་ཚོང་ལྟེ་གནས་དང་པོ་དེ་བཙུགས་པ་རེད། 1995ལོར་བོད་ཀྱི་མ་རྐང་དང་པོ“བོད་ལྗོངས་མུ་ཏིག”ཞེས་པ་ཁྲོམ་རར་བཏོན་པ་དང་ལོ་20ཡི་རྗེས་དང་མིག་སྔའི་བར་བོད་དུ་ཁྲོམ་ཞུགས་ཀུང་སི་14ཡོད་པ་རེད།
           1993ལོའི་ཟླ་8པར་ལྷ་སར“ཁ་པར་ཏ་ཀེ་ཏ”ཐེངས་དང་པོ་བཙོང་པ་དང་རང་རྒྱལ་གྱི་ལག་ཐོགས་ཁ་པར་དང་པོ་དེ་1987ལོའི་ཟླ་11པར་སྤྱོད་འགོ་ཚུགས་ཡོད། ད་ཆ་བོད་ཀྱི་སྤྱིའི་མི་འབོར་ཁྲི་300ལྷག་ཙམ་ཡོད་པ་དང་ལག་ཐོགས་ཁ་པར་དང་གཏན་འཇགས་ཁ་པར་སྤྱོད་མཁན་ཁྲི་300ལྷག་ཙམ་ཡོད་པ་མ་ཟད། ཕྱུགས་འཚོ་བར་སྐྱོད་ཀྱང་ལག་ཐོག་ཁ་པར་འཁྱེར་ནས་འགྲོ་ཡི་ཡོད།
         1994ལོའི་ཟླ་4པར་རང་རྒྱལ་དུ་དྲ་སྦྲེལ་སྤྱོད་འགོ་ཚུགས་པ་དང་བོད་ཀྱིས་1998ལོའི་ཟླ་4པར་དྲ་སྦྲེལ་གྱི་ལས་སྒོ་དངོས་སུ་སྤྱོད་འགོ་ཚུགས་ཡོད། 2015ལོར་རང་རྒྱལ་གྱིས་དྲ་སྦྲེལ+གྱི་ཐ་སྙད་དངོས་སུ་བཏོན་པ་དང་ད་ཆ་བོད་ཀྱིས་དྲ་སྦྲེལ+ཡུལ་སྐོར་དང་། ཚོང་ལས། སློབ་གསོ་སོགས་ཁྱབ་ཁོངས་ཁག་ནང་རྒྱ་ཁྱབ་ངང་སྤྱོད་བཞིན་ཡོད།
          ད་ཆ་སྤུས་རྟགས་ཀྱི་ཐོན་རྫས་མང་པོ་ཞིག་ནང་སའི་གྲོང་ཁྱེར་གཞན་དང་དུས་གཅིག་ཏུ་ཁྲོམ་རར་བཏོན་པས་རྗེས་སྙེགས་ཀྱི་མྱུར་ཚད་མགྱོགས་སུ་ཆེན་པོ་ཕྱིན་པ་དང་ཐ་ན་དུས་ཚོད་ཀྱི་ཁྱད་པར་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་སྤྱི་ཚོགས་རིང་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་སོགས་ཀྱི་ཆབ་སྲིད་ལམ་ལུགས་ལག་བསྟར་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལོ་བཅུ་ཕྲག་ཉིན་གཅིག་ལྟར་གྱི་བྱམས་བརྩེའི་ཐུགས་ཁུར། སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་དཀའ་སྤྱད་འབད་འཐབ་བཅས་བྱས་པས་འབྲས་བུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།