འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་ཕན་འབྲས་
    མངོན་གསལ་དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་09ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་7ཉིན་ལྷ་སར་འཚོགས་པའི“2016·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཐོག་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཐིང་ཀྲང་གཞོན་པ་ཀྲང་ཐེན་ཧྭ་ཡིས་2009ལོ་ནས་བཟུང་《བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྱོང་འཆར་འགོད་》ལག་བསྟར་བྱས་རྗེས་བོད་ཀྱི་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བརྗོད།
            ཀྲང་ཐེན་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། 2009ལོ་ནས་བཟུང་བོད་ཀྱིས་རང་བྱུང་ན་ཁ་སྲུང་སྐྱོང་དང་། ནགས་ཚལ་སྲུང་སྐྱོང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སྲུང་སྐྱོང་བཅས་དང་དེ་བཞིན་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དང་། གཙོ་གནད་འདམ་ར་སྲུང་སྐྱོང་། ཞིང་འབྲོག་ཁུལ་གྱི་སྲོལ་རྒྱུན་ནུས་རྒྱུ་ཚབ་བྱེད། འགོག་སྲུང་ནགས་ཚལ་མ་ལག་འཛུགས་སྐྲུན། མི་ཐབས་ལ་བརྟེན་ནས་རྩྭ་འདེབས་དང་རང་བྱུང་ན་ཁ་ལེགས་སུ་གཏོང་བ། བྱེ་འགོག་བྱེ་བཅོས། ས་ཆུ་ཤོར་བ་བཅོས་སྐྱོང་། སྣོད་བཅུད་ལྟ་ཞིབ་ཚད་ལེན་འདུ་འགོད་སོགས་རིགས་ཆེན་པོ་3གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ཁག་10སྔ་རྗེས་སུ་ལག་བསྟར་བྱས་པས་རང་བྱུང་སྣོད་བཅུད་མ་ལག་སྲུང་སྐྱོང་དང་སླར་གསོ་ཐུབ་རྒྱུར་སྔར་བས་སྐུལ་འདེད་ཐུབ་ཡོད།
          དེ་དང་ཆབས་ཅིག བོད་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལའང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། ཀྲང་ཐེན་ཧྭ་ཡིས། མིག་སྔར། བོད་དུ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བསྐྲུན་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་པ་དེས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34.35%ཟིན་པ་དང་། སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་22དང་། རྒྱལ་ཁབ་རིམ་པའི་གྲགས་ཅན་མཛེས་ལྗོངས་ཁུལ་4 རྒྱལ་ཁབ་ནགས་ཚལ་སྤྱི་གླིང་9 རྒྱལ་ཁབ་འདམ་རའི་སྤྱི་གླིང་10ས་གཤིས་སྤྱི་གླིང་4བཅས་བསྐྲུན་ཡོད་ཅེས་བརྗོད།
         བསྡོམས་རྩིས་ལས་མངོན་པར། སྲུང་སྐྱོང་ཁུལ་ནང་བདག་ཏུ་མ་བཟུང་བའི་རྩ་ཆེའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་གི་ཁྱུ་ཚོགས་ཁག་གཅིག་སླར་གསོའི་རང་བཞིན་གྱི་སྒོ་ནས་མང་དུ་ཕྱིན་པ་སྟེ། གཙོད་ཀྱི་གྲངས་འབོར་1995ལོའི་ཁྲི་6ཙམ་ནས་2014ལོའི་ཁྲི་20བར་མང་དུ་ཕྱིན་པ་དང་། འབྲོང་ཁྲི་2ལྷག་ཙམ་བར་མང་དུ་ཕྱིན་པ། ཁྲུང་ཁྲུང་སྐེ་ནག་2000ལྷག་ཙམ་ནས་ད་ཆའི་8000ལྷག་ཙམ་བར་མང་དུ་ཕྱིན་ནས་གོ་ལ་ཧྲིལ་པོའི་80%ཡན་ཟིན་པ། དེ་སྔ་སྟོངས་ཟིན་པར་ངོས་འཛིན་བྱས་པའི་བོད་ཀྱི་ཤྭ་བ་སེར་ཆེན་གྱི་བསྡོམས་འབོར་1000ལྷག་ཙམ་ཟིན་པ། ཡུན་ནན་སྤྲེལ་ཁྲ་700ལྷག་ཙམ་བར་མང་དུ་ཕྱིན་ནས་རྒྱལ་ཡོངས་ཀྱི་ཁྱུ་ཚོགས་གྲངས་འབོར་གྱི་33%ཟིན་ཡོད།
         གཞན་ཡང་། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་ཆེད། རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཁ་གསབ་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་པོ་བྱས་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་རིམ་རྩིས་ལྟར་ན། ནགས་ཚལ་དང་། རྩྭ་ཐང་། འདམ་ར། གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་སོགས་ཀྱི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་190ལྷག་ཙམ་གཤམ་སྤྲོད་བྱས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱིས་ད་དུང་སྐྱས་སྤོས་རྩྭ་གསོ་དང་། རྨོ་བསྐྱུར་ནགས་གསོ། རང་བྱུང་ནགས་ཚལ་སྲུང་སྐྱོང་། གཙོ་གནད་སྤྱི་ཕན་ནགས་ཚལ་བདག་སྐྱོང་སོགས་ཀྱི་སྣོད་བཅུད་འདུ་འགོད་ལག་བསྟར་བྱས་ནས་ཞིང་འབྲོག་པར་ཁ་གསབ་སྒོར་དུང་ཕྱུར་20ཙམ་སྤྲད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།