འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གི་སློབ་ཆེན་སློབ་མ་དབུལ་པོར་སློབ་ཆེན་འགྲིམ་རིང་རོགས་སྐྱོར་ཐོབ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཟི་ལིང་གྲོང་ཁྱེར་གྱིས་《ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མར་རོགས་སྐྱོར་བྱ་རྒྱུའི་ལག་བསྟར་བྱ་ཐབས་》(གཤམ་ལ་《ལག་བསྟར་བྱ་ཐབས་》ཞེས་བསྡུ་རྒྱུ)བཟོས་ནས་བཏོན་པ་དང་། སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཀྱི་ཞན་ཆ་གསབ་ནས་ཁྱིམ་ཚང་དབུལ་པོའི་སློབ་ཆེན་སློབ་མ་སློབ་གྲྭ་འགྲིམ་རིང་རོགས་སྐྱོར་བྱ་རྒྱུ་ཡིན་པ་དང་། ཁྱིམ་ཚང་དབུལ་པོའི་སློབ་མར་མཐོ་རིམ་སློབ་གསོ་ཐོབ་པའི་གོ་སྐབས་དེ་བས་མང་བ་ཡོད་པ་བྱ་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བྱ་ཐབས་》དེ་2016ལོའི་ཟླ་8པ་ནས་དངོས་སུ་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 《ལག་བསྟར་བྱ་ཐབས་》ནང་དེ་སྔའི་སློབ་ཡོན་གཡར་ཐེངས་གཅིག་དེ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་(མང་ཤོས་ལོ་4དང་གསོ་རིག་ཆེད་ལས་ཕུད་)མ་ཐོན་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་རོགས་སྐྱོར་བྱ་རྒྱུར་བསྒྱུར་བ་དང་། རོགས་རམ་ཚད་གཞི་ཆེས་ཆེར་སྤར་ཡོད། བསྡུ་ཐེངས་དང་པོ་དང་། བསྡུ་ཐེངས་གཉིས་པ། བསྡུ་ཐེངས་གསུམ་པ་བཅས་ཀྱི་དངོས་གཞིའི་ཚན་ཁག་སློབ་གླིང་དང་། ཆེད་ཚན་དང་དེ་བཞིན་མཐོ་རིམ་ལས་རིགས་སློབ་གསོ་སློབ་གླིང་དུ་རྒྱུགས་འཕྲོད་པའི་སློབ་མ་མི་རེ་ངོ་རེར་ལོ་ལྟར་སློབ་ཡོན་རོགས་སྐྱོར་སྒོར་7000དང་། 6000 5000བཅས་སོ་སོར་སྤྲོད་རྒྱུ་ཡིན་པ་རེད། རོགས་སྐྱོར་བྱ་ཡུལ་ནང་སློབ་དངུལ་དང་འཚོ་བའི་འགྲོ་གྲོན་ཚུད་ཡོད། སློབ་ཡོན་རོགས་སྐྱོར་ཐོབ་པའི་སློབ་ཆེན་སློབ་མར་གྲོང་ཁྱེར་གྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞིའི་གྲངས་ཚད་གཞིར་བཟུང་། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁོངས་གཏོགས་སུ་བཅུག་ནས་ཟླ་རེར་འཚོ་བའི་འགྲོ་གྲོན་རོགས་སྐྱོར་བྱ་རྒྱུ་དང་། སློབ་ཡོན་རོགས་སྐྱོར་གྱི་ཆ་རྐྱེན་མ་ཚང་ཡང་། འཚོ་བའི་འགྲོ་གྲོན་རོགས་སྐྱོར་ཆ་རྐྱེན་འཛོམས་པའི་སློབ་མ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཁོངས་སུ་བཅུག་ནས་འཚོ་བའི་འགྲོ་གྲོན་རོགས་སྐྱོར་བྱ་རྒྱུ་དང་ཚད་གཞི་དེ་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞིའི་འགྱུར་ལྡོག་དང་བསྟུན་ནས་ལེགས་སྒྲིག་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སློབ་ཆེན་སློབ་མ་དབུལ་པོར་སློབ་གྲྭ་འགྲིམ་རིང་གི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་རོགས་སྐྱོར་བྱས་རྗེས། ལོ་ལྟར་སློབ་མ་800ཙམ་ལ་རོགས་སྐྱོར་ཐོབ་རྒྱུ་ཡིན་པ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི་867ཙམ་དགོས་པ་དེ་དག་གཙོ་བོ་གྲོང་ཁྱེར་རིམ་པའི་རོགས་སྐྱོར་ཐེབས་རྩ་འཛུགས་པ་དང་། སྤྱི་ཚོགས་ཀྱི་ཞལ་འདེབས་རྒྱག་ནུས་ཆེ་རུ་གཏོང་བ། བྱ་ཐབས་སྣ་མང་སྤྱད་དེ་མ་དངུལ་གྲབས་གསོག་བྱེད་པ་དང་། མ་མཐའི་འཚོ་བའི་འགན་ལེན་དང་སློབ་གསོའི་དབུལ་སྐྱོར་སོགས་ཀྱི་ཆེད་དོན་མ་དངུལ་བསྡུ་སྒྲིལ་བྱེད་པ། གྲོང་ཁྱེར་རིམ་པའི་ནོར་སྲིད་ཀྱིས་དགོས་ངེས་ཀྱི་མཐའ་སྐྱོང་མ་དངུལ་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐབས་ལམ་གསུམ་བརྒྱུད་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།