འཚོལ་བཤེར།   
藏文频道
2016ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡར་བསེ་རུའི་རྭ་ལ་སྙིང་ལྕགས་བཅུག་ནས་རྔོན་འགོག་ཐབས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 04ཚེས་14ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཁེན་ནི་ཡའི་ལས་ཁང་ནས་ཁྱབ་བསྒྲགས་བྱས་དོན། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་དང་ཁེན་ནི་ཡའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་སྡེ་ཚན་གྱིས་ཁེན་ནི་ཡའི་མ་སའེ་མ་ལ་རྒྱལ་ཁབ་སྤྱི་གླིང་ནང་གི་རི་དྭགས་བསེ་རུའི་རྭ་ལ་སྙིང་ལྕགས་བཅུག་ནས་རྔོན་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་གཏོང་རྒྱུ་ཡིན་པ་རེད།
         འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཁེན་ནི་ཡའི་བསེ་རུ་སྲུང་སྐྱོང་རྣམ་གྲངས་ཀྱི་མཐུན་སྦྱོར་བ་མ་ཏིང·མུའུ་ལ་མས། བསེ་རུའི་རྭ་ལ་སྙིང་ལྕགས་བཅུག་པ་དེས་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་མཁན་གྱིས་སྲོག་ཆགས་ལྟ་སྲུང་དང་བདའ་འདེད་གཏོང་རྒྱུར་ཕན་ཐོགས་ནས་རྔོན་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཐུབ་རྒྱུ་རེད་ཅེས་དང་། ཡང་ཁོང་གིས་རྔོན་རྒྱག་པའི་བྱེད་སྤྱོད་ཇེ་མང་དུ་སོང་བ་དེས་ཨ་ཧྥེ་རི་ཁར་བསེ་རུ་སྟོངས་ལ་ཉེ་བར་གྱུར་ཡོད་ཅེས་བཤད།
         ཁེན་ནི་ཡའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དོ་དམ་ཅུས་ཀྱི་མཐོ་རིམ་ཕྱུགས་རིགས་སྨན་པ་ཨེ་ས་ཁེ·ལའེ་ཁོའོ་ལུའུ་ཡིས་བསེ་རུའི་རྭ་ཅོར་སྨན་རྒྱུའི་རིན་ཐང་ཆེན་པོ་ལྡན་སྟབས་བསེ་རུ་དེ་གསོད་ཉེན་ཆེ་བའི་སྲོག་ཆགས་རྩ་ཆེན་གྲས་སུ་གྱུར་ཡོད་ཅེས་བཤད།
         མ་སའེ་མ་ལ་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་པ་ཏན་ཉི་སིས་བསེ་རུའི་གྲངས་འབོར་སྐབས་ཤིག་རིང་རྒྱུན་མི་ཆད་པར་ཆག་ནས་ད་ཆ་རྩ་ཆེའི་སྲོག་ཆགས་དེའི་གྲངས་འབོར་བརྟན་པོ་ཡོང་བར་ཁ་ཚ་དགོས་གཏུགས་ཀྱི་ཐབས་ཤེས་མ་སྤྱད་ཀ་མེད་དུ་གྱུར་ཡོད་ཅེས་བཤད།
         ཁེན་ནི་ཡའི་མ་སའེ་མ་ལ་རྒྱལ་ཁབ་སྤྱི་གླིང་ནི་འཛམ་གླིང་ཐོག་སྐད་གྲགས་ལྡན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ཁུལ་ཞིག་ཡིན། དེའི་ས་ཁྱོན་སྤྱི་ལེ་ངོས་གྲུ་1000ལྷག་ཙམ་ཟིན་པའི་ནང་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་600ལྷག་ཙམ་ཡོད་པའི་ཁྲོད། ཨ་ཧྥེ་རི་ཁའི་གྲགས་ཆེ་བའི་རི་དྭགས་དང་གཅན་གཟན་ཆེན་པོ་ལྔ་སྟེ། གླང་ཆེན་དང་། འདམ་སེང་། གཟིག བསེ་རུ། ཆུ་གླང་བཅས་དང་དེ་བཞིན་ཤ་བ་སྐེ་རིང་དང་། མཚོ་གླང་། ཉ་ཆེན་རྨིགས་པ། དུར་བྱ། ཝ་སོགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།