འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།“ངས་ ཀྲུང་ ཧྭའི་ རིག་ གནས་ ཁྱིམ་ དུ་ སྤོས་ ཡོད” 

    ——ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་དབྱི་ས་ཡེ་ཝ་ལ་བཅར་འདྲི་ཞུས་པའི་སྐོར་བཀོད་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་རྒྱ་རིག་པ་མཁས་ཅན་དབྱི་ས་ཡེ་ཝ་ཡིས་ང་རང་(གསར་འགོད་པ་)འཛུམ་གྱིས་བསུས་ནས་ཁྱིམ་དུ་འབོད་བྱུང་། མིག་ལམ་དུ་འཆར་བའི་རྣམ་པ་དེ་ལས་ང་ལ་ཁོང་གི་ཁྱིམ་ནི་ཀྲུང་གོའི་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཀྱི་བཤམས་མཛོད་ཁང་ལྟ་བུ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་།
         གནའ་ཉམས་དོད་པའི་དངོས་རྫས་གཤོམ་སྟེགས་དང་། མཛེས་འཆོས་སྤྲས་སྟེགས། མེ་ཏོག་འཇོག་སྟེགས། དེ་བཞིན་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱི་རྫ་དཀར་ལས་གྲུབ་པའི་བུམ་པ་སོགས་ཧ་ཅང་མང་ཞིང་། ཁང་པའི་ནང་གི་གནམ་པང་ནས་ས་ངོས་བར་གྱི་ཟུར་གདོང་ཚང་མ་ཀྲུང་གོའི་བཟོ་རྩལ་དངོས་རྫས་ཀྱིས་བརྒྱན་འདུག
         དབྱི་ས་ཡེ་ཝ་ཡིས་གནའ་བོའི་མིས་སྤྱོད་པའི་མཆོད་གཤོམ་དང་། བཟའ་སྣོད། པིར་སྣོད། མེ་ཁུང་ས་ཁྲིའི་ཐོག་བསྒྲིགས་པའི་ཅོག་ཙེ། རྐང་ཅོག་ལ་སོགས་པའི་གནའ་བོའི་འཛིན་ཆས་མང་པོ་ཞིག་ང་ལ་བསྟན་བྱུང་། འདྲ་མིན་སྣ་ཚོགས་ཀྱི་འཛིན་ཆས་དག་ལས་ཁོང་ནི་ཀྲུང་གོ་དང་ལས་དབང་ཆེན་པོ་ཡོད་པའི་མི་ཞིག་ཡིན་པ་མཚོན་ཐུབ།
         སློབ་ཆེན་གྱི་རྒྱ་ཡིག་ཆེད་ལས་ནས་ཐོན་རྗེས་དབྱི་ས་ཡེ་ཝ་ཡིས་མོ་སི་ཁོ་ཡི་སློབ་ཆེན་ཞིག་ཏུ་རྒྱ་ཡིག་སློབ་ཚན་ལོ་20ཙམ་འཁྲིད་ཅིང་། 1994ལོ་ནས་2010ལོ་བར་བཟའ་ཟླ་དང་མཉམ་དུ་ཀྲུང་གོར་ཕྱག་ལས་གནང་བ་དང་འཚོ་བ་བསྐྱལ་བའི་རིང་ལ་ཁོང་གིས་ཀྲུང་གོའི་ས་གནས་ཁག་ཏུ་ཕེབས་པ་དང་སྦྲགས་དམངས་ཁྲོད་ནས་ཀྲུང་གོའི་རིག་གནས་དང་། སྒྱུ་རྩལ། ལོ་རྒྱུས། དམངས་སྲོལ་སོགས་ཤེས་རྟོགས་གང་མང་གནང་བ་དང་། “གོང་ཁེའི་ཚོང་རར”བསྐྱོད་ནས་ཅ་དངོས་ཉོ་སྒྲུབ་གནང་བ། དམངས་ཁྲོད་ནས་བཟོ་རྩལ་དངོས་རྫས་སྣ་ཚོགས་ཉོ་སྒྲུབ་གནང་བ་མ་ཟད། ད་དུང་རང་གི་མྱོང་བ་ལ་བརྟེན་ནས་ཨུ་སུ་སུའི་ཕྲུ་གུ་ཚོར་ཀྲུང་གོའི་དམངས་ཁྲོད་སྒྲུང་གཏམ《རྒྱུན་ལྗང་སྨྱུག་མ་》དང་《གྲུབ་ཐོབ་བརྒྱད་ཀྱིས་རྒྱ་མཚོ་བརྒལ་བ་》ཞེས་པ་ལ་སོགས་བསྒྱུར་དེབ་མང་པོ་ཞིག་ཀྱང་བཏོན་ཡོད་པ་རེད།
         ཀྲུང་གོར་བཞུགས་རིང་ཁོང་གིས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣའི་གདན་ཞུས་ལྟར་ཀྲུང་ཧྭའི་རིག་གནས་སྒྲོག་འགྲེལ་བྱེད་སྒོའི་ནང་ཞུགས་པ་དང་། བརྙན་འཕྲིན་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་གནང་བ། གློག་བརྙན་དང་གནས་ཚུལ་དངོས་མཚོན་གློག་བརྙན་པར་ལེན་ནང་ཞུགས་པ། དུས་དེབ་གཉེར་བ། ཀོག་ཧྥེ་ཁང་བཙུགས་པ། ཐ་ན་གནམ་ཐང་དང་པེ་ཅིང་ཡ་པའོ་ལུའུ་ཏུ་འཚོ་བ་ཉམས་ལེན་ཡང་གནང་མྱོང་ཡོད་པ་རེད།
         ཕུན་སུམ་ཚོགས་པའི་ཉམས་མྱོང་རྒྱུད་ཁོང་གིས་དངོས་ཡོད་ཀྱི་ཀྲུང་གོ་ཞིག་མྱོང་ཚོར་གཏིང་ཟབ་བྱུང་། ཀྲུང་གོ་ཤེས་རྟོགས་དེ་ཙམ་ཆེ་རུ་ཕྱིན་པར་ཁོང་གནའ་བོའི་དཔོག་དཀའ་བའི་རྒྱལ་ཁམས་དེར་དེ་ཙམ་གྱིས་བརྩེ་བ་ཟབ་ཏུ་འགྲོ་གི་ཡོད།
         དབྱི་ས་ཡེ་ཝ་ཡིས“ངས་ཀྲུང་ཧྭའི་རིག་གནས་རང་ཁྱིམ་དུ་སྤོས་ཡོད། ཀྲུང་གོ་འདི་ཉིད་དུས་དང་རྣམ་པ་ཀུན་ཏུ་ངའི་འཚོ་བའི་ནང་དང་སེམས་གཏིང་དུ་ཡོད”ཅེས་དགའ་བའི་འཛུམ་མདངས་འཕྱུར་བཞིན་གསུངས་བྱུང་། ད་ལྟ་ཁོང་ལ་ཉིན་ཞིག་ཀྲུང་གོའི་དམངས་ཁྲོད་བཟོ་རྩལ་དངོས་རྫས་བཤམས་སྟོན་ཁང་ཞིག་འཛུགས་རྒྱུའི་འདུན་པ་ཆེན་པོ་ཡོད། ཁོང་གིས“ངས་ཀྲུང་གོར་བཅངས་པའི་བརྩེ་བ་དག་ཁྱབ་སྤེལ་ཧུར་ཐག་བྱ་རྒྱུ་ཡིན། ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ་བྱེད་དགོས་ཀྱི་འདུག གང་ལགས་ཤེ་ན། ཀྲུང་ཧྭའི་རིག་གནས་ནི་ནང་དོན་ཧ་ཅང་ཟབ་ཅིང་རྣམ་པ་ཕུན་སུམ་ཚོགས་པ་ཞིག་ཡིན”ཞེས་གསུངས་བྱུང་།
         མཇུག་ཏུ་དབྱི་ས་ཡེ་ཝ་ཡིས་ད་དུང་ང་ལ་ཁོང་གིས་དགའ་ཤོས་གནང་བའི་ཀྲུང་གོའི་དམངས་ཁྲོད་སྒྲུང་གཏམ་སྟེ་གྲུབ་ཐོབ་བརྒྱད་ཀྱིས་རྒྱ་མཚོ་བརྒལ་བ་ལ་སོགས་པའི་སྐོར་གསུངས་ཤིང་། ཁོང་གིས་སྒྲུང་གཏམ་དེ་དག་ཐོག་ནས་ཀྲུང་གོ་བས་བདེ་སྐྱིད་འཚོ་བ་དང་ཞི་མཐུན་སྤྱི་ཚོགས་ལ་ཐོག་མཐའ་བར་གསུམ་དུ་ཡིད་སྨོན་དང་དོན་གཉེར་བྱེད་པ་ཇི་མ་ཇི་བཞིན་དུ་མཚོན་གྱི་འདུག དེའང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་འཛམ་གླིང་དུ་ཁྱབ་སྤེལ་གཏོང་རྒྱུའི་སྲོག་ཤིང་གི་བསམ་གཞི་ཞིག་ཡིན་ཞེས་གསུངས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།