འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་ཤར་རྒྱུད་མེ་ཏོག་རྫོང་གི་འཕོ་འགྱུར།

    ——རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཇུག་ཤོས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་བྱས་པའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་24ཉིན། 15:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཤར་རྒྱུད་མེ་ཏོག་རྫོང་གི་འཕོ་འགྱུར།
         “ཡུལ་པདྨ་བཀོད”ཅེས་གྲགས་པའི་བོད་ལྗོངས་མེ་ཏོག་རྫོང་ནི་རང་རྒྱལ་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཇུག་ཤོས་དེ་ཡིན་པ་དང་རྗེས་ལུས་ཐེབས་པའི་འགྲིམ་འགྲུལ་དང་། གངས་རྡིབ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་ཀྱི་གནོད་འཚེ་ཐོན་མང་བས་ས་གནས་དེ་གའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་ལམ་བུར་འགལ་རྐྱེན་བཟོས་ཡོད། 2013ལོའི་ཟླ་10པར་མེ་ཏོག་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་དང་བསྟུན། མེ་ཏོག་གི་མི་དམངས་རྣམས་འབྱོར་འབྲིང་ཕྱོགས་སུ་སྐྱོད་མགྱོགས་སུ་ཕྱིན་ཡོད། ད་ཆ་མེ་ཏོག་རྫོང་གི་གཞུང་ལམ་ལམ་ཐག་སྤྱི་ལེ་270.13ཟིན་པ་དང་ཤང་དང་(གྲོང་རྡལ་)སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་75%དང་46%སོ་སོར་ཟིན་ནས་མེ་ཏོག་གི་ཡུལ་སྐོར་ལས་རིགས་ཀྱང་མགྱོགས་མྱུར་འཕེལ་རྒྱས་བྱུང་ཐོག་ན་ནིང་རིམ་རྩིས་བྱས་ན། ཡུལ་སྐོར་བ་མི་ཐེངས་ཁྲི་7.08ལ་སྣེ་ལེན་ཞུས་ཤིང་། འདི་ནི་མེ་ཏོག་ས་ཁོངས་ནང་གི་གངས་རི་དང་། ནགས་ཚལ། རི་ལམ་ཀྱག་ཀྱོག་བཅས་ཡིན་པ།
        མེ་ཏོག་བས“སྐྱོད་དཀའ་བའི་ལམ”ལས་སྒྲོལ་བ།
        སྔོན་མ་རྗེས་ལུས་ཐེབས་པའི་འགྲིམ་འགྲུལ་དང་། གསང་པོ་མེད་པའི་འཕྲིན་གཏོང་། གངས་རྡིབ་དང་འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་ཡང་ཡང་ཐོན་པའི་ས་གཤིས་གནོད་འཚེ་ལ་སོགས་པ་མེ་ཏོག་བའི་མདུན་དུ་འཕྲེད་ལ་ཉལ་བའི་བརྒལ་ཐབས་བྲལ་བའི་གངས་རི་ལྟ་བུར་གྱུར་ནས་ས་གནས་དེ་གའི་མང་ཚོགས་ཀྱི་ཕྱིར་བསྐྱོད་པའི་ལམ་བུ་ཡོངས་སུ་བཀག འོན་ཏེ་མེ་ཏོག་རྫོང་གི་སྐབས་རིམ་བྱུང་གི་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ཇུས་བཟང་འཚོལ་ཞིབ་བྱས་པ་དང་། བོད་སྐྱོར་ལས་བྱེད་པ་ཁག་མང་པོས་གཅིག་རྒྱུན་གཅིག་གིས་འཛིན་ནས་རང་གནས་བརྟན་སྲུང་བ་དང་། དབུལ་སྐྱོར་འགག་སྒྲོལ་འཐབ་ཇུས་ལག་བསྟར་བྱས་ཏེ་རི་བོའི་སྒོ་མོ་ཕྱེ་བས་ཡུལ་དེར་འཕོ་འགྱུར་ཆེན་པོ་བྱུང་།
        “ཡུལ་པདྨ་བཀོད”ཅེས་བརྗོད་སྲོལ་ཡོད་པའི་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཆགས་པའི་མེ་ཏོག་ལ་ཆ་སྙོམས་བྱས་ན་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་1200ལྷག་ཙམ་ཡོད། ཧི་མ་ལ་ཡའི་གས་སྲུབས་ས་རྒྱུད་དང་མེ་ཏོག་གི་གས་སྲུབས་ས་རྒྱུད་དུ་གནས་པའི་དབང་གིས་ས་གཤིས་གཡོ་འགུལ་ཡང་ཡང་ཐེབས་པའི་མེ་ཏོག་ནི་ས་ཡོམ་དང་། གངས་རྡིབ། ས་རྡིབ། འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་མང་བའི་ས་ཁུལ་ཞིག་རེད། དེས་མ་ཚད་ད་དུང་བཞའ་ཚན་ཆེ་བ་དང་ཆར་པ་བབས་མང་བ་ལས་མེ་ཏོག་འདི་ཉིད་རྒྱལ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་ཕྱི་ཤོས་ཀྱི་རྫོང་ཞིག་ཏུ་གྱུར་ཡོད། མི་རྣམས་ཀྱིས“བོད་དུ་སྐྱོད་དཀའ། མེ་ཏོག་ཏུ་དེ་བས་སྐྱོད་དཀའ”ཞེས་ཤོད་རྒྱུན་གྱི་ཐོག་ནས་མེ་ཏོག་དུ་སྐྱོད་དཀའ་བའི་དོན་མཚོན་པར་བྱས་ཡོད།
        2013ལོའི་ཟླ་10ཚེས་31ཉིན་མེ་ཏོག་ཏུ་རླངས་འཁོར་དངོས་སུ་ཤར་གཏོང་ཐུབ་ཅིང་།“རྒྱལ་ཡོངས་ཀྱི་རླངས་འཁོར་ཤར་གཏོང་མི་ཐུབ་པའི་རྫོང་མཐའ་མ”ཞེས་པ་ལོ་རྒྱུས་སུ་གྱུར་པ་ནས་བཟུང་མེ་ཏོག་བ་ཚོ་རི་ཁྲོད་ནས་ཕྱིར་བསྐྱོད་རྒྱུ་དེ་བཀའ་བའི་བྱ་བ་ཞིག་མིན་པ་རེད།
        ལོ་རབས་བརྒྱད་བཅུའི་ནང་སྐྱེས་པའི་པད་མ་ཆོས་སྒྲོན་ནི་མོན་པ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་རེད། འདི་ལོའི་ཟླ་གཉིས་པའི་ཟླ་སྟོད་དུ་ཉིང་ཁྲིར་ཚོགས་འདུར་ཡོང་བའི་པད་མ་ཆོས་སྒྲོན་ཕྱིར་ལོག་བྱེད་རིང་གངས་ཆེན་པོ་བབས་ནས་རི་ལམ་འགག་རུང་མཐར་མེ་ཏོག་ཏུ་བདེ་བླག་ངང་འབྱོར། ཁོང་གིས་སྐད་འཕྲིན་གྱི་གྲོགས་ཚོགས་ནང་གངས་ཆེན་པོ་བབས་པའི་བརྙན་འཕྲིན་ཐུང་ངུ་ཞིག་བསྐུར་བ་དང་སྦྲགས་དེའི་གཤམ་དུ་གནས་ཚུལ་གང་འདྲ་ཞིག་འཕྲད་རུང་མཐར་རྫོང་གྲོང་དུ་འབྱོར་བ་བྱ་རྒྱུ་ཡིན་ཞེས་པའི་ཡིག་འབྲུ་འགའ་ཞིག་ཀྱང་བྲིས་ཡོད་པ་རེད།
         “གཞུང་ལམ་ཤར་གཏོང་ཐུབ་ནས་མེ་ཏོག་བའི་ལོ་ངོ་བརྒྱ་སྟོང་གི་བསམ་འདུན་འགྲུབ”པད་མ་ཆོས་སྒྲོན་གྱིས“ལམ་བསྐྲུན་རྗེས་མེ་ཏོག་ལ་བྱུང་བའི་འགྱུར་ལྡོག་ནི་མིག་མཐོང་ལག་འཛིན་ཐུབ་པ་ཞིག་རེད”ཅེས་ཚོར་སྣང་ཟབ་མོས་བཤད།
         ད་ཆ་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་270.13ཟིན་པ་དང་། ཤང(གྲོང་རྡལ)དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་75%དང་46%སོ་སོར་ཟིན་པ་དེ་2010ལོ་ལས་50%དང་7%སོ་སོ་མཐོ་རུ་སོང་བ་དང་། རྫོང་དེ་ཡོངས་ཀྱི་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ཤང་2ཀྱི་གྲོང་ཚོ་25ཡི་ནང་གྲོང་ཚོ་23དུ་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
         མེ་ཏོག་རྫོང་གི་ཁྱད་ལྡན་ཐོན་རྫས་རྡོ་ཁོག
         སེམས་སྐྱིད་པའི་གྲས་སུ་ད་དུང་མེ་ཏོག་རྫོང་གྲོང་ཆུ་ལྷ་མེ་ཏོག་ལམ་དུ་བཙུགས་པའི་རྡོ་ཁོག་ཚོང་ཁང་གི་གཅེན་གཅུང་གཉིས་ཡོད། ཁོང་གཉིས་ཀྱིས་སེམས་སྐྱིད་ཅེས་སྒོ་བྱང་ཐོག་བཀོད་པ་སྟེ་སྤང་ཞིང་ཤང་གི་སེམས་སྐྱིད་རྡོ་ཁོག་ཆེད་ཚོང་ཁང་ཞེས་པ་དེ་རེད།
         མེ་ཏོག་རྫོང་སྤང་ཞིང་ཤང་ནི་སྐད་གྲགས་ཆེ་བའི་མེ་ཏོག་གི་རྡོ་ཁོག་ཐོན་ཁུལ་ཞིག་རེད། ས་གནས་དེ་གའི་མི་ཡིས་གནམ་ལྕགས་འབར་བའི་གཡང་ས་ནས་བླངས་པའི་རྡོ་རྒྱུ་གདོད་མའི་ལག་ཆར་བརྟེན་ནས་རྡོ་ཁོག་བཟོས་ཏེ་རྒྱལ་ཡོངས་ས་གནས་ཁག་ལ་འཚོང་གི་ཡོད་པ་རེད།
         “ངའི་བློ་ལ་བབས་པས་སེམས་སྐྱིད་ཅེས་མིང་བཏགས་པ་ཡིན”ཞེས་གཅུང་པོ་ཉི་མ་རྡོ་རྗེ་ཡིས་གད་མོ་དགོད་བཞིན་བཤད། ན་ནིང་མཐོ་རིམ་སློབ་འབྲིང་ནས་ཐོན་མ་ཐག་པའི་མོན་པ་རིགས་ཀྱི་ཕོ་གཞོན་དེས་ལས་སུ་ཞུགས་རྒྱུའི་གདམ་ག་བྱས་ཡོད། གཅེན་མོ་ཆོས་སྒྲོན་གྱིས་གསར་འགོད་པར་ད་ལྟ་རྡོ་ཁོག་འཕྲུལ་འཁོར་ལ་བརྟེན་ནས་བཟོ་གི་ཡོད། འཕྲུལ་འཁོར་གྱིས་བཟོས་པའི་རྡོ་ཁོག་དེ་སྔོན་མའི་རྡོ་ཁོག་ལས་གོང་ཆུང་བ་ཡོད་ཅེས་བཤད།
         ཉི་མ་རྡོ་རྗེས་ཚོང་ཁང་དེ་ན་ནིང་ཟླ་ལྔ་པར་བཙུགས་པ་ཡིན། བྲིན་ཁ་རྒྱུག་པའི་དུས་སུ་ཉིན་གཅིག་ལ་དྲུག་བདུན་བྲིན་པ་དང་སྤྱིར་ན་ཚོང་ཡག་པོ་འདུག་ཅེས་བཤད་བྱུང་། གཅེན་གཅུང་གཉིས་པོས་ད་ཆ་ཚོང་རྒྱ་ཆེ་རུ་བཏང་ནས་མེ་ཏོག་ནས་ཐོན་པའི་ཤིང་ནག་ཁུའེ་ཙེ་དང་སྨྱུག་ཆས་སོགས་ཀྱང་བཙོངས་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཡོང་གི་ཡོད་པ་རེད།
         མེ་ཏོག་གི་རྡོ་ཁོག་དེ་གངས་རིའི་གསེབ་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུ་ཞིག་ཏུ་གྱུར་པ་ལས་སྐད་གསང་མཐོན་པའི་དབྱངས་རྟ་ཞིག་གྲུབ་པ་མ་ཟད། ད་དུང་དེ་ཐོག་ནས་མེ་ཏོག་བའི་འཚོ་བ་གསར་པའང་མཚོན་གྱི་ཡོད་པ་རེད།
         རྡོ་ཁོག་ཚོང་མཁན་གཅེན་གཅུང་གཉིས་པོའི་སེམས་པ་དེ་བས་སྐྱིད་པོ་བྱུང་བ་ནི་སྲིད་གཞུང་གིས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དེ་རེད། “ང་ཚོ་ཁྲལ་འཇལ་དགོས་ཀྱི་མི་འདུག”ཅེས་ཉི་མ་རྡོ་རྗེས་བཤད།
         ཉེ་བའི་ལོ་ཤས་རིང་ས་གནས་དེ་རུ་མོན་ལྷོའི་ཁྱད་ལྡན་རིག་གནས་ཐོན་ལས་དར་འཕེལ་བྱུང་ནས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་ཐུབ་ལ་འཕེལ་རྒྱས་ཀྱང་བྱུང་ཡོད། བསྡོམས་རྩིས་ལྟར་ན། 2015ལོར་རྫོང་དེས་རིག་གནས་ཐོན་ལས་ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་200བཏང་ནས་མོན་ལྷོའི་ཁྱད་ལྡན་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། དར་སྤེལ་བཅས་ཀྱི་བྱ་བ་སྤེལ་མགྱོགས་སུ་བཏང་ཡོད། སྤང་སྐྱིད་རྡོ་ཁོག་མཉམ་ལས་ཁང་དང་བདེ་ཞིང་སྨྱུག་བསླས་ཁོ་ནས་ཐོན་རྫས་ཁྲི་1.34ཐོན་སྐྱེད་བྱེད་པ་དང་ཐོན་རྫས་ཁྲི་1.13བཙོངས་པར་ཡོང་འབབ་སྒོར་ཁྲི་3120ལྷག་ཙམ་བྱུང་ཡོད་པ་རེད།
         “ཡུལ་པདྨ་བཀོད”མཇལ་བའི་ལམ་ཐག་ཉེ་རུ་སོང་བ།
         མེ་ཏོག་དེ་ཉིད་གདོད་མའི་སྣོད་བཅུད་དང་ས་མཐོའི་ཚ་རྒྱུད་གནམ་གཤིས་ལས་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པ་དང“རྐང་ཐང་མར་སྐྱོད་མཁན་གྱི་ལྷ་ཡུལ”ཞེས་བརྗོད་སྲོལ་ཡོད། མི་འབོར་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་ཁོངས་སུ་གཏོགས་པའི་དེ་གའི་མོན་པ་རིགས་དང་ལྷོ་པ་རིགས་ཀྱི་རིག་གནས་ངོ་མཚར་ཆེ་བ་མ་ཟད། དེ་གའི་ཡུལ་ལྗོངས་ཀྱང་ཐུན་མོང་མ་ཡིན་པ་ཞིག་ཡོད།
         ཡར་ཀླུང་གཙང་པོ་དེ་ཉིད་མེ་ཏོག་རྫོང་བདེ་ཞིང་ཤང་སྒོར་སྒོར་ཐང་ནས་ཏུའུ་180ཡི་ཁུག་ཅིག་བསྐོར་བས་ས་གནས་དེ་གའི་མིས་སྦྲུལ་དབྱིབས་ཁུག་ཅེས་བརྗོད་ཀྱི་ཡོད། དེ་མེ་ཏོག་རྫོང་གིས་4Aརིམ་པའི་མཛེས་ལྗོངས་ཁུལ་བཏོད་པའི་ལྟེ་བའི་མཛེས་ལྗོངས་ཁུལ་ཞིག་རེད།
         ཡུལ་སྐོར་བ་ཡོང་མཁན་མང་པོ་བྱུང་ནས་ས་གནས་དེ་གའི་ཞིང་ཁྱིམ་སྤྲོ་ཁང་གི་ཚོང་བྲིན་ཁ་རྒྱུག་ཏུ་སོང་། ཚེ་རིང་གཡུ་སྒྲོན་གྱི་ཞིང་ཁྱིམ་སྤྲོ་ཁང་དུ་སྐྱོད་སྐབས་དབེན་པའི་སྐྱིད་ཚལ་ཞིག་ཏུ་སླེབས་པ་ལྟར་སྣང་། གྲལ་སྒྲིག་པའི་སྡོད་ཁང་ལས་མོན་པའི་ཁྱད་ཆོས་མངོན་པ་དང་། རྡོ་ཁོག་ནང་བཙོས་པའི་བྱ་ཤ་དྲོ་བ་ཞིམ་པ། ཚལ་ཐོའི་ཐོག་བཀོད་པ་ནི་ས་གནས་དེ་གའི་རྡོ་ཁོག་རིགས་དང་རི་ཚལ་ཤ་སྟག་ཡིན།
         ཚེ་རིང་གཡུ་སྒྲོན་གྱིས་ཞིང་ཁྱིམ་སྤྲོ་ཁང་2013ལོའི་ཟླ་དྲུག་པར་ལས་འགོ་ཚུགས་པ་དང་ཡུལ་སྐོར་བ་ཉིན་བཞིན་མང་དུ་སོང་ནས་ལོའི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་13ཟིན་གྱི་འདུག་ཅེས་གསར་འགོད་པ་བཤད།
         ངོ་སྤྲོད་བྱས་པར་གཞིགས་ན། ཕུའུ་ཅན་གྱི་ཁག་དྲུག་པའི་བོད་སྐྱོར་རུ་ཁག་གིས་2010ལོར་བདེ་ཞིང་གྲོང་ཚོར་དམངས་ཁང་སྒྱུར་བཀོད་བྱས་པ་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་བཏང་བ་བརྒྱུད། ཡུལ་མིའི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་ངང་ལག་དང་། ཡིའུ་ཙི། ཞུ་མཁན་འབྲས་བུ་བཅས་གཙོ་བོར་བྱས་པའི་ཚ་བའི་ས་ཁུལ་གྱི་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་བྱེད་སྟངས་བཏོད་པ་མ་ཟད། ད་དུང་ཞིང་ཁྱིམ་སྤྲོ་ཁང་དང་སྨྱུག་བསླས་ལས་སྣོན་སོགས་ཡུལ་སྐོར་ལས་རིགས་དང་ཟུང་འབྲེལ་དམ་ཚགས་བྱེད་པའི་སྣོད་བཅུད་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཤིག་ཀྱང་བཏོད་ཡོད་པ་རེད།
         མེ་ཏོག་རྫོང་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་གཉིས་སོང་ཚུན་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་ན་ནིང་ཡུལ་སྐོར་བ་མི་ཐེངས་ཁྲི་7.08ལ་སྣེ་ལེན་ཞུས་ཡོད། སྔར་ཡོད་ཀྱི་མཛེས་ལྗོངས་ཁུལ་ཕུད་ད་དུང་མེ་ཏོག་ཡུལ་སྐོར་སྡེ་ཚན་གྱིས་རང་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པའི་ལམ་ཐིག་གཅིག་ཀྱང་བཏོད་པར་སྤྱི་ལེ་64ཡོད་པ་དང་དེ་རྒྱུད་དུ་དགའ་ལུང་ལ་འབབ་ཆུ་དང་། མེ་ཏོག་འབབ་ཆུ་ཚོགས། མོན་པའི་ཁྱད་ཆོས་ལྡན་པའི་ཐོག་ཁང་སོགས་མཛེས་ལྗོངས་མང་པོ་ཡོད་པ་མ་ཟད། ད་དུང“རྩི་ཤིང་རིགས་ཀྱི་འགྱུར་རྡོ་གསོན་པ”ཞེས་འབོད་སྲོལ་ཡོད་པའི་མའེ་ལོའོ་ལ་སོགས་པའི་རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་ཀྱང་ཡོད་པ་རེད།
         གཞུང་ལམ་ཤར་གཏོང་ཐུབ་པ་དང་། འཕྲིན་ཐུང་སྒྲིག་བཀོད་འཐུས་སྒོ་ཚང་དུ་སོང་བ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་པ་བཅས་ལས་སྔོན་མའི“ཡུལ་པདྨ་བཀོད”མཇལ་བའི་ལམ་ཐག་ཉེ་རུ་སོང་ཡོད་ལ་མེ་ཏོག་མི་དམངས་ཀྱི་འཚོ་བའང་མེ་ཏོག་པདྨ་བཞིན་མཛེས་སྡུག་ལྡན་པར་འགྱུར་བཞིན་ཡོད།
    ༄༅།།བོད་ལྗོངས་ཤར་རྒྱུད་མེ་ཏོག་རྫོང་གི་འཕོ་འགྱུར།
    ༄༅།།བོད་ལྗོངས་ཤར་རྒྱུད་མེ་ཏོག་རྫོང་གི་འཕོ་འགྱུར།
      

    ཕྱོགས་བསྡུས་གསར་འགྱུར།