འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དེང་རབས་ཁྲང་ཞིའི་བརྩམས་ཆོས་འཇར་མན་གྱི་དཔེ་ཚོང་ཁང་དུ་སྟོན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། འཇར་མན་དུས་རབས་ཁྲང་ཞི་དཔེ་སྐྲུན་ཁང་གིས་པེར་ལིན་གྱི་ཁྲང་ཞིའི་དཔེ་ཚོང་ཁང་དུ་དཔེ་དེབ་གསར་པ་འོས་སྦྱོར་ངོ་སྤྲོད་བྱེད་པའི་བྱེད་སྒོ་སྤེལ་བ་དང་འཁྲབ་གཞུང་ལྟ་ཀློག་དང་གྲོས་བསྡུར་བྱེད་པའི་ཐབས་ལ་བརྟེན་ནས་འཇར་མན་གྱི་ཀློག་པ་པོར་གསར་དུ་དཔེ་སྐྲུན་བྱས་པའི་ཀྲུང་གོའི་དེང་རབས་ཁྲང་ཞིའི་སྐོར་གྱི་དེབ་《དེའི་ཁྲོད་གནས—ཀྲུང་གོའི་ཁྲང་ཞི་གསར་པ་》ཞེས་པ་དེ་ངོ་སྤྲོད་བྱས་པ་རེད།
         དེ་ཉིན་དགོང་མོ་པེར་ལིན་གྱི་ཁྲང་ཞིའི་དཔེ་ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་པ་དང་དེབ་ཀློག་མཁན་བཞི་ཡིས་ཀློག་པ་པོར་དེབ་ནང་གི་བརྩམས་ཆོས་གསུམ་གྱི་དུམ་བུ་བཀླགས་པ་དང་དེབ་འདིའི་རྩོམ་པ་པོའང་འོས་སྦྱོར་ངོ་སྤྲོད་བྱེད་སྒོར་ཞུགས་ནས་ཀློག་པ་པོ་དང་སྤེལ་རེས་བྱས་པ་རེད།
         འཇར་མན་གྱི་ཟློས་གར་འཁྲབ་གཞུང་རྩོམ་པ་པོ་ལི་ཁེ·ལའེ་ཉི་ཀེ་ཡིས་ང་ཁྲང་ཞིར་ཧ་ཅང་དགའ་པོ་ཡོད་ལ་ཀྲུང་གོའི་རིག་གནས་ལ་ཉམས་ཞིབ་བྱ་རྒྱུར་དགའ་པོ་ཡོད། ན་ནིང་དབྱར་ཁ་ཀྲུང་གོར་ཡུལ་སྐོར་བྱེད་སྐབས་ཁྲང་ཞི་ཉན་པ་ཡིན་ལ། སྒྲོན་བརྙན་ཟློས་གར་ཡང་བལྟས་པས་ཀྲུང་གོའི་སྲོལ་རྒྱུན་གྱི་ཁྲང་ཞིར་རྒྱུས་མངའ་ངེས་ཅན་ཞིག་བྱུང་ཡང་ཀྲུང་གོའི་དེང་རབས་ཁྲང་ཞིར་ཤེས་རྟོགས་བྱེད་པའི་གོ་སྐབས་མ་བྱུང་ཞེས་བཤད།
         “དོ་ནུབ་ཀྱི་བྱེད་སྒོ་ནི་ཀྲུང་གོའི་དེང་རབས་ཁྲང་ཞི་ཤེས་རྟོགས་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན། དོ་ནུབ་ཀློག་པའི་འཁྲབ་གཞུང་དེ་དག་བསྟན་བཤིག་ཚ་པོ་འདུག་པས་ཟློས་གར་དེ་དག་གི་གར་སྟེགས་ཐོག་གི་རྣམ་པ་བསམ་ཚོད་ཐུབ་ཀྱི་འདུག འཇར་མན་དུ་འཁྲབ་སྟོན་བྱས་ན་གྲུབ་འབྲས་ཡག་པོ་ཞིག་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་ལའེ་ཉི་ཀེ་ཡིས་དེ་ལྟར་བརྗོད་བྱུང་།
         《དེའི་ཁྲོད་གནས—ཀྲུང་གོའི་ཁྲང་ཞི་གསར་པ་》ཞེས་པའི་དེབ་འདི་ཕུད་འཇར་མན་དུས་རབས་ཁྲང་ཞི་དཔེ་སྐྲུན་ཁང་གིས་ད་དུང་ལྟད་མོ་བར་ཁྲང་ཞིའི་ཆེད་ལས་ཀྱི་གྲགས་ཅན་བརྙན་དེབ་《དུས་རབས་ཁྲང་ཞི་》ཞེས་པའི་ཁྲོད་ཀྱི“ཀྲུང་གོའི་ཆེད་སྒྲིག་དུས་དེབ”འོས་སྦྱོར་ངོ་སྤྲོད་བྱས་པ་དང་ཤོག་གྲངས་70ཙམ་ཡོད་པའི་ཆེད་སྒྲིག་དུས་དེབ་དེའི་ནང་ཀྲུང་གོའི་ཁྲང་ཞིའི་ལས་དོན་པ་དང་ཀྲུང་གོའི་ཁྲང་ཞིར་རྒྱུས་མངའ་ཡོད་པའི་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་གྱི་རྩོམ་ཡིག་བཀོད་ཡོད་པ་མ་ཟད། ཀྲུང་གོའི་དེང་རབས་ཁྲང་ཞིའི་འཕེལ་རྒྱས་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད།
         དུས་རབས་ཁྲང་ཞི་དཔེ་སྐྲུན་ཁང་གི་སྤྱི་ཁྱབ་ཅིང་ལི་པའོ་ལུའོ་·ཏི་ཧྲེ་ལི་ཡིས་འཇར་མན་བ་མང་པོ་ཞིག་གིས་ཀྲུང་གོའི་ཁྲང་ཞིར་རྒྱུས་མངའ་དེ་ཙམ་མེད། དེར་བརྟེན་འཇར་མན་སྐད་ཡིག་གི་པར་མའི་ཀྲུང་གོའི་དེང་རབས་ཁྲང་ཞིའི་གཅེས་སྡུད་དེབ་དང་པོ་དང་ཀྲུང་གོའི་དེང་རབས་ཁྲང་ཞིའི་འཕེལ་རྒྱས་སྐོར་གྱི་ཀྲུང་གོའི་ཆེད་སྒྲིག་དུས་དེབ་ངོ་སྤྲོད་བྱས་པར་ཧ་ཅང་དགའ་པོ་བྱུང་། དེབ་དེ་གཉིས་པར་འགྲེམས་བྱས་པ་བརྒྱུད་ཁྲང་ཞིར་དགའ་པོ་བྱེད་མཁན་དེ་བས་མང་པོ་ཞིག་གིས་ཀྲུང་གོའི་དེང་རབས་ཁྲང་ཞི་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ལ། ཀྲུང་གོའི་ཁྲང་ཞི་འཇར་མན་གྱི་གར་སྟེགས་ཐོག་འཁྲབ་རྒྱུའི་རེ་བའང་ཡོད་ཅེས་བཤད་པ་རེད།
         འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ཚན་ཙན་ཁྲེན་ཕིང་གིས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་དབར་ཁྲང་ཞིའི་ཐད་སྤེལ་རེས་བྱ་རྒྱུ་ཉུང་ཉུང་ཡིན། དེ་སྔ་མི་རྣམས་ཀྱིས་ཕན་ཚུན་དབར་སྐད་བརྡ་མི་འཕྲོད་པའི་ངོས་འཛིན་བྱས་མོད། འོན་ཀྱང་ཉམས་མྱོང་ཐོག་ནས་ཁྲང་ཞི་ནི་ཕྱི་རྒྱལ་ལ་ཀྲུང་གོའི་རིག་གནས་ངོ་སྤྲོད་བྱེད་པའི་བྱེད་ཐབས་བཟང་པོ་ཞིག་ཡིན་པ་མངོན་ཡོད་ཅེས་གསུངས། 
      

    ཕྱོགས་བསྡུས་གསར་འགྱུར།