འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་དབྱིན་ཇིར་མ་འཇོག་བྱེད་ཚད་ཇེ་མང་དང་ཇེ་ཆེར་སོང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་28ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ཚོང་གཉེར་ཁྲུའི་གཞུང་ཚབ་དང་ཚན་ཙན་གཅིག་ལྕོགས་ཡིན་པའི་ཅིན་ཤུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་མིག་སྔར་དབྱིན་ཇི་འདི་ཉིད་ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་བྱ་ཡུལ་ཡག་ཤོས་སུ་གྱུར་ཡོད། ཀྲུང་གོའི་ཁེ་ལས་ཀྱི་མ་འཇོག་ཁྱབ་ཁོངས་དེ་དངུལ་རྩ་དང་། ཚོང་དོན། གློག་འཕྲིན་འཕྲིན་གཏོང་། སྨན་དང་སྨན་བཅོས། རྡོ་སྣུམ། བཟོ་སྐྲུན། ཞིབ་འཇུག་གསར་སྤེལ་ལྟེ་གནས་སོགས་སྡེ་ཚན་དང་འབྲེལ་བ་ཡོད་པ་དང་མ་འཇོག་བྱ་ཡུལ་དབྱིན་ཇི་ཡོངས་སུ་ཁྱབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་ཡུལ་དེ་གའི་ལམ་སྲོལ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་བསྲིང་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། གཉེར་སྐྱོང་ཕན་འབྲས་ཟམ་མི་ཆད་པར་ལེགས་སུ་གཏོང་བ། དུས་མཚུངས་སྤྱི་ཚོགས་འགན་འཁྲི་ལག་ལེན་ཧུར་ཐག་བསྟར་བས་ཡུལ་དེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་པ་དང་། ཡུལ་དེའི་ལས་ཞུགས་ཐུབ་ཚད་མང་དུ་ཕྱིན་པ། དམངས་འཚོ་ལེགས་སུ་ཕྱིན་ཡོད་ཅེས་བརྗོད་པ་རེད།
         དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ཚོང་གཉེར་ཁྲུའི་བསྡོམས་རྩིས་གྲངས་གཞི་གཞིར་བཟུང་། 2015ལོར་ཀྲུང་གོའི་ཁེ་ལས་ཀྱིས་དབྱིན་ཇིར་མཉམ་ཉོ་(མ་རྐང་ཁྲོད་ཞུགས་པ་)དང་ལྗང་མདོག་མ་འཇོག་ཁག་22ལེགས་གྲུབ་ཟིན་ཡོད། ཀྲུའུ་ཀྲོའུ་ནན་ཁྲེ་ཡིས་དབྱིན་སྒོར་དུང་ཕྱུར་2.29ཡི་ཐོག་ནས་དབྱིན་ཇིའི་རྒྱ་མཚོའི་བཟོ་སྐྲུན་ཁེ་ལསSMDབསྡུ་ཉོ་བྱས་ཏེ་རྒྱ་མཚོའི་བཟོ་སྐྲུན་མཚོ་གཏིང་སྒྲིག་ཆས་ཁྱབ་ཁོངས་ཕྱོགས་སུ་སྣུར་སྲིང་བྱས་ཡོད། ཅིས་ལི་ཚོགས་པས་དབྱིན་སྒོར་དུང་ཕྱུར་3བཏང་ནས་དབྱིན་ཇིར་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་གཞི་གཅིག་ཅན་གྱི་བཟོ་གྲྭ་གསར་པ་བསྐྲུན་ཏེ་རབས་རྗེས་མའི་གློག་སྒུལ་རྐྱང་པའི“ལོན་ཏོན་བདལ་གཏོང་རླངས་འཁོར”ཐོན་སྐྱེད་བྱས་ཡོད། ཧྲན་ཏུང་ཡུང་ཐའེ་ཡིས་དབྱིན་སྒོར་ཁྲི་2800བཏང་ནས་དབྱིན་ཇིའི་UYTའཁོར་རིགས་སྒྲིག་སྦྱོར་བཟོ་གྲྭ་བསྡུ་ཉོ་བྱས་ཡོད། ཆན་པའེ་ཏུའུ་ཀུང་སིས་མ་དངུལ་བཏོན་ནས་དབྱིན་ཇིའི་གྲགས་ཅན་རྩེད་ཆས་སྤུས་རྟགས་ཧ་མུའུ་ལེ་སི་བསྡུ་ཉོ་བྱས་ཡོད་པ་རེད།
         ལྷག་པར་དུ་བརྗོད་རིན་ཡོད་པ་ཞིག་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་དབྱིན་ཇིར་འཚམས་འདྲི་གནང་རིང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོས་དུས་རབས་21ལ་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུའི་གཏན་འཁེལ་བྱས་ཤིང་། ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་ཚོང་དོན་གྲོས་དོན་ཁག་30ལྷག་ཙམ་ཐོག་མིང་རྟགས་བཀོད་པ་དང་སྤྱིའི་དངུལ་འབོར་དབྱིན་སྒོར་དུང་ཕྱུར་400ལྷག་ཙམ་ཟིན་ཡོད། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་དང་ཧྥ་རན་སེ་གློག་ཤུགས་ཀྱིས་《དབྱིན་ཇིའི་ཉིང་གློག་རྣམ་གྲངས་མ་འཇོག་གྲོས་དོན་》ཐོག་མིང་རྟགས་བཀོད་པ་དང་རྣམ་གྲངས་ཀྱི་སྤྱིའི་དངུལ་འབོར་དབྱིན་སྒོར་དུང་ཕྱུར་180ཟིན་པ་དེ་ནི་ཀྲུང་གོ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་འཐབ་ཇུས་ལས་རིགས་གལ་ཆེན་ཐད་མཉམ་ལས་བྱེད་ཐེངས་དང་པོ་ཡིན་པ་རེད།
         དབྱིན་ཀྲུང་ཚོང་དོན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཞུན་ཅུའེ་ཧྲ་ཤུན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་ཞུ་སྐབས་ཀྲུང་གོས་དབྱིན་ཇིར་མ་འཇོག་བྱེད་ཚད་ཉེ་བའི་ལོ་ཤས་རིང་དབྱར་མཚོ་རྒྱས་པ་ལྟར་མང་དུ་ཕྱིན་པས་དགའ་འོས་པ་ཞིག་ཡོད། ཀྲུང་གོའི་མ་འཇོག་གྲངས་འབོར་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེར་སོང་ནས་རྨང་གཞིའི་སྒྲིག་བཀོད་དང་། ཚོང་ལས་ཀྱི་ས་ཁང་བདག་ཁོངས། སྤུས་རྟགས་དྲ་རྒྱ། ཞིབ་འཇུག་གསར་སྤེལ་ལྟེ་གནས། བཟོ་སྐྲུན་སོགས་ཕྱོགས་མང་པོར་ཁྱབ་ཡོད་ལ་མི་མངོན་པའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད། འབྱུང་འགྱུར་ཀྲུང་གོའི་ཁེ་ལས་དེ་བས་མང་བས་དབྱིན་ཇིར་གཞི་ཚུགས་པ་དང་མ་འཇོག་བྱས་ནས་དབྱིན་ཇིའི་དཔལ་འབྱོར་འཕེལ་རྒྱས་ཐད་སྐུལ་མ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།