འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་དང་ནང་སའི་མི་རིགས་ཁག་གི་ལོ་ཆུང་བྱིས་པའི་དབར“འཕྲིན་ཡིག་གིས་ལག་གདང་
    སྦྲེལ་བའི”བྱེད་སྒོར་གཡུར་ཟའི་འབྲས་བུ་ཐོབ་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:36】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         འཕྲིན་ཡིག་གཏོང་རེས་བྱས་ནས་སྙིང་གཏམ་བཤད།
         2015ལོའི་ཟླ་7པར། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་བོད་ལྗོངས་དང་ནང་སའི་མི་རིགས་ཁག་གི་ལོ་ཆུང་བྱིས་པའི་དབར“འཕྲིན་ཡིག་གིས་ལག་གདང་སྦྲེལ་བ”དང“སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་མའི་དབར་ཆ་སྒྲིག”གི་བྱེད་སྒོ་སྤེལ་བ་རེད། མིག་སྔའི་བར“འཕྲིན་ཡིག་གཏོང་རེས་ཀྱིས་ལག་གདང་སྦྲེལ་བའི”བྱེད་སྒོའི་ནང་བོད་ལྗོངས་དང་ནང་སའི་ལོ་ཆུང་བྱིས་པ་ཁྲི་21.7ལྷག་ཙམ་ཆ་སྒྲིག་གི་བྱེད་སྒོའི་ནང་ཞུགས་ནས་འཕྲིན་ཡིག་ཁྲི་12.8གཏོང་རེས་བྱས་པ་རེད། “སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་མའི་དབར་གྱི་ཆ་སྒྲིག”བྱེད་སྒོའི་ནང་བོད་ལྗོངས་དང་ནང་སའི་སློབ་མ་ཁྲི་23.6ཞུགས་ཡོད་པ་དང་འཕྲིན་ཡིག་ཁྲི་6.1གཏོང་རེས་བྱས་པ་རེད།
         ཚེ་རིང་དོན་གྲུབ་ཀྱི་མི་ཚེའི་ནང་འབྱོར་བའི་འཕྲིན་ཡིག་དང་པོ་དེ་ནི་ཕན་ཧུང་ཡིའུ་ཡིས་བཏང་བ་དེ་ཡིན། མ་གཞི་གཅིག་ནི་ཉིང་ཁྲི་སློབ་ཆུང་གཉིས་པའི་ནང་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་གཅིག་ཤོས་ནི་ཀོང་ཀྲའོ་ཧའེ་ཀྲུའུ་ཆུས་ཕུའུ་ཐི་ལམ་སློབ་ཆུང་དུ་སློབ་སྦྱོང་བྱེད་ཀྱི་ཡོད་ཀྱང་འཕྲིན་ཡིག་གཏོང་རེས་བྱས་རྗེས་ལོ་ཆུང་བྱིས་པ་དེ་གཉིས་ཀྱི་སེམས་པ་དེ་བས་ཉེ་རུ་ཕྱིན་ཡོད།
         སོ་སོའི་འཕྲིན་ཡིག་ནང་རང་ཉིད་ཕ་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་པ་དང་འབྲེལ་སེམས་རྩ་འཁོལ་པོས་གདན་ཞུ་བྱེད་རེས་ཀྱང་བྱས་ཡོད། བར་ཐག་རིང་པོ་དེ་འདྲ་ཆོད་ཡོད་ཀྱང་། ལོ་མཉམ་ཡིན་པས་ན། ཕན་ཧུང་ཡིའུ་ལའང་རང་ཉིད་དང་འདྲ་བར་འཚར་ལོངས་ཁྲོད་སུན་སྣང་དང་། ཕུགས་བསམ་སོགས་ཀྱང་ཡོད་པ་ཚེ་རིང་དོན་གྲུབ་ཀྱིས་ཤེས་རྟོགས་བྱུང་ཡོད།
         འདི་ལོའི་གནམ་ལོ་གསར་ཚེས་ལ་ཕན་ཧུང་ཡིའུ་ལ་བསྐུར་རྒྱུའི་བཀྲ་ཤིས་འཚམས་ཤོག་བཟོ་ཆེད། ཚེ་རིང་དོན་གྲུབ་ཀྱིས་བོད་ཀྱི་ཁྱད་ཆོས་ལྡན་པའི་རྒྱུ་ཆ་འཚོལ་བསྡུ་བྱེད་གང་ཐུབ་བྱས་པ་མ་ཟད། ད་དུང་ཡིག་སྐོགས་ཀྱང་བཟོས་ཡོད། ཡི་གེ་བྲིས་ནས་སྤེལ་རེས་བྱེད་སྟངས་དེར་ཁོང་གིས“སེམས་ནང་གི་སྐད་ཆ་མང་པོ་མདུན་དུ་བཤད་བདེ་པོ་མེད་ཀྱང་། འཕྲིན་ཡིག་ཐོག་བྲིས་ནས་བཤད་ན་ཧ་ཅང་གི་སྟབས་བདེ་པོ་འདུག འཕྲིན་ཡིག་འབྲི་བའི་ཚོར་སྣང་སྐྱིད་པོ་འདུག”ཅེས་བཤད།
         སྟབས་བདེ་ལ་ལྷད་མེད་ཀྱི་འཕྲིན་ཡིག་ཞིག་ལ་བསམ་ཡུལ་ལས་འདས་པའི་ཕན་འབྲས་འདི་ལྟ་བུ་ཐོབ་ཡོང་སྙམ་མ་བྱུང་། ཕྲུ་གུ་རྣམས་ཀྱིས་རྩ་འཛུགས་ཀྱི་ཐབས་ལམ་བརྒྱུད་ནས་འབྲེལ་བ་བཙུགས་པ་དེར་འགོ་འཛུགས་ས་བཟང་པོ་ཞིག་བྱུང་ནས་ཕན་ཚུན་ལྷག་བསམ་རྣམ་དག་གི་སྤེལ་རེས་དང་ཕན་ཚུན་རོགས་རམ་བྱེད་རེས་བྱས་པས་མི་རིགས་དབར་ཕན་ཚུན་རྒྱུས་མངའ་ལོན་རེས་དང་བསམ་ཤེས་ཆེ་རུ་ཕྱིན་ནས་ལོ་ན་ཆུང་བའི་སེམས་པར་ཞི་མཐུན་གྱི་མྱུ་གུ་བཏབ།
         བྱེད་སྒོ་དེ་སྤེལ་ནས་ལོ་གཅིག་དང་ལོ་ཕྱེད་ཙམ་སོང་བའི་རིང་བོད་ལྗོངས་ཀྱི་སློབ་འབྲིང་དང་སློབ་ཆུང་མང་པོ་བྱེད་སྒོ་དེའི་ནང་ཞུགས་ཡོད་པ་དང“མི་རིགས་མཐུན་སྒྲིལ་དེ་ཕྲུ་གུའི་སྐབས་ནས་དམ་འཛིན་བྱེད་པ་དང་ཆུང་དུས་ནས་དམ་འཛིན་བྱ་རྒྱུ”དེ་ཐུན་མོང་གི་ངོས་འཛིན་དུ་འགྱུར་ཡོད་པ་མ་ཟད། ད་དུང་ལག་ལེན་བསྟར་ཡུལ་ཞིག་ཏུའང་གྱུར་ཡོད།
         ངོ་ཐུག་གདོང་འཕྲད་ཀྱིས་དྲོ་སྐྱིད་ལྡན་པའི་བྱེད་སྒོ་སྤེལ།
         “འཕྲིན་ཡིག་གཏོང་རེས་ཀྱིས་ལག་གདང་སྦྲེལ་བའི”རྨང་གཞིའི་ཐོག་རིམ་ཁག་གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ད་དུང་གྲོགས་པོ་ཆུང་ཆུང་རྣམས་སྒྲིག་འཛུགས་བྱས་ཏེ“ངོ་ཐུག་གདོང་འཕྲད”ཀྱིས་སྤེལ་རེས་བྱས་ཏེ་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་དཔེར་ན། མི་རིགས་མཐུན་སྒྲིལ་མཉམ་འདྲེས་ཀྱི་དབྱར་སྒར་བྱེད་སྒོ་སྤེལ་བ་ལྟ་བུའོ། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་གིས་སྔ་རྗེས་སུ་མི་རིགས་ཁག་གི་སློབ་འབྲིང་དང་འབྲིང་རིམ་ཆེད་ལས་སློབ་མའི་དབྱར་ཁའི་གུང་གསེང་དུས་སུ་སེམས་པ་གཅིག་མཐུན་གྱི་བྱེད་སྒོ་ཐེངས་4དང་མི་རིགས་ཁག་གི་ལོ་ཆུང་བྱིས་པའི་ལག་གདང་སྦྲེལ་བའི”དབྱར་སྒར་བྱེད་སྒོ་སྤེལ་ཡོད། 2015ལོའི་དབྱར་ཁའི་གུང་གསེང་སྐབས་པེ་ཅིང་དང་། ཐན་ཅིང་། ཧོ་པེ་སོགས་ཞིང་ཆེན་17དུ་མཉམ་འདྲེས་ཀྱི་དབྱར་སྒར་བྱེད་སྒོ་52དུས་མཚུངས་སུ་སྤེལ་བའི་ནང་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་4000ལྷག་ཙམ་ཞུགས་ཡོད། དབྱང་སྒར་བྱེད་སྒོ་དེ་རིགས་ཀྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་དང་འདྲ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་ཁྲོད་གསར་བརྗེའི་སྲོལ་རྒྱུན་དང་། རིག་གནས་མྱོང་རོལ། རྒྱལ་སྲུང་དམག་དོན། ཚན་རྩལ་ཁྱབ་གདལ། ལུས་རྩལ་སྒྱུ་རྩལ་སོགས་ཀྱི་ནང་དོན་ཚུད་ཡོད།
         ཕན་ཚུན་རོགས་རེས་ཀྱིས་ཐུན་མོང་ཐོག་ཡར་རྒྱས་ཡོང་བ་བྱས།
         སྤེལ་རེས་བྱེད་སྒོ་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ནས་སློབ་གྲྭ་དེ་བས་མང་བས་ཆ་སྒྲིག་གིས་ཕན་ཚུན་འཚམས་འདྲི་དང་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་ཡོད། ཀོང་ཏུང་ཧྲན་ཀྲན་ལས་རིགས་ལག་རྩལ་སློབ་གླིང་གིས་ལས་བྱེད་པ་གཉིས་བོད་ལྗོངས་ལས་རིགས་སློབ་གླིང་དུ་གནས་སྦྱར་སྦྱོང་བརྡར་དང་། དགེ་རྒན་གསོ་སྦྱོང་། མཉམ་དུ་ཞིབ་འཇུག་བྱ་གཞི་བྱེད་པ་སོགས་ཀྱི་ལས་དོན་སྤེལ་བར་བཏང་ཡོད། ཤིན་ཅང་ཨ་ཐུའུ་ཧྲེ་གྲོང་ཁྱེར་ཤེས་ལྡན་མི་སྣ་སྐྱེད་སྲིང་སློབ་གྲྭའི་གདོང་ལེན་རུ་མིའི་འཐུས་མི་23ཅང་སུའུ་ཁུན་ཧྲན་གྲོང་ཁྱེར་ཕེ་པན་སློབ་ཆུང་དང་ཤིན་ཀྲན་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་ཕྲུ་གུ་ཚོས་ཕན་ཚུན་ལག་རྟགས་སྤྲོད་རེས་བྱེད་པ་དང་། མཉམ་དུ་རོལ་རྩེད་རྩེ་བ། ལེ་ཚན་འཁྲབ་སྟོན་བྱེད་པ་བཅས་ཀྱི“མི་རིགས་ཁག་གི་ལོ་ཆུང་བྱིས་པའི་ལག་གདང་སྦྲེལ་བའི”བརྗོད་བྱ་གཙོ་བོའི་བྱེད་སྒོ་སྤེལ་ཡོད། པེ་ཅིང་གྲོང་ཁྱེར་ཀོང་ཅུས་མོན་སློབ་འབྲིང་གིས་བོད་ལྗོངས་འདམ་གཞུང་རྫོང་སློབ་འབྲིང་དང་ཆ་སྒྲིག་འབྲེལ་བ་བཙུགས་ཏེ་བོད་ཀྱི་ལག་གདང་སྦྲེལ་བའི་རོགས་ཟླ་20ཁོང་ཚོའི་སློབ་གྲྭར་ལྟ་སྐོར་བྱེད་པར་གདན་དྲངས་ནས་མཉམ་སྤྲོའི་བྱེད་སྒོ་སྤེལ་བ་དང་། ཕན་ཚུན་སློབ་དེབ་སྤྲོད་རེས་བྱེད་པ། རིག་རྩལ་བྱེད་སྒོ་སྤེལ་བ་སོགས་བྱས་ཡོད།
         འགོག་རྐྱེན་མེད་པའི་འབྲེལ་གཏུག་གི་ཐབས་ལམ་བཙུགས་ཏེ་ལག་གདང་སྦྲེལ་བའི་ཕྲུ་གུ་ཚོས“མཉམ་དུ་སློབ་དེབ་ཀློག་པ་དང་བྱ་བ་སྒྲུབ”པའི་བྱེད་སྒོ་སྤེལ་ཏེ་ཁོང་ཚོས་རོགས་ཟླ་ཆུང་ཆུང་ཚོར་རང་ཉིད་ཀྱིས་དགའ་པོ་བྱེད་པའི་སློབ་དེབ་ངོ་སྤྲོད་དང་། སློབ་དེབ་ཀློག་པའི་མྱོང་ཚོར་སྤེལ་རེས་བྱས་ཡོད། འཕྲིན་ཡིག་གཏོང་རེས་བྱས་ཏེ་རི་མོ་རེ་འབྲི་བ་དང་། རང་ཉིད་ཀྱིས་བྱེད་ཐུབ་པའི་ངལ་རྩོལ་རེ་བྱེད་པ། གཞན་ཕན་གྲུབ་པའི་བྱ་བཟང་རེ་སྒྲུབ་པ་སོགས་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།