འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སིང་ཀ་ཕོར་གྱིས་ཐང་རྒྱལ་རབས་དུས་ཀྱི་བྱིང་གྲུ“རྡོ་ནག་རྟགས་ཅན”ནས་རྙེད་པའི་
    རྩ་ཆེའི་ནོར་བུ་འགྲེམས་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་ཚོང་དོན་སྤེལ་རེས་ཡང་སྙིང་ཇི་འདྲ་ཡིན་མིན་དེ་ཐང་རྒྱལ་རབས་དུས་ཀྱི་བྱིང་གྲུ“རྡོ་ནག་རྟགས་ཅན”ཀྱི་རྩ་ཆེའི་ནོར་བུ་ལས་ཤེས་ཐུབ། སིང་ཀ་ཕོར་ཨེ་ཤེ་ཡ་ཤེས་དཔལ་རྟེན་རྫས་བཤམས་མཛོད་ཁང་གིས་ཉེ་དུས“ཐང་རྒྱལ་རབས་དུས་ཀྱི་བྱིང་གྲུའི”རྩ་ཆེའི་ནོར་བུ་འགྲེམས་སྟོན་བྱས་པས་ལྟ་སྐོར་བས་གནའ་བོའི་མཚོ་ཐོག་དར་གོས་ལམ་བུའི་བྱིང་གྲུའི་གཏམ་རྒྱུད་ཤེས་ཐུབ།
         1998ལོར་འཇར་མན་གྱི་ཆུ་ནང་དངོས་འདོན་ཀུང་སི་ཞིག་གིས་ཧིན་རྡུ་ཉི་ཞི་ཡའི་ཨུ་ལི་ཏུང་གླིང་ཕྲན་འགྲམ་གྱི་ཀྲོ་ཝ་མཚོ་ཁོངས་ནས་གནའ་དུས་ཀྱི་བྱིང་གྲུ་ཞིག་རྙེད་པ་དང་བྱིང་གྲུ་དེ་ཆུ་འོག་བྲག་རྡོ་ནག་པོ་ཆེན་པོ་ཞིག་གི་འཁྲིས་སུ་ཡོད་པས་ན་མིང་དུ“རྡོ་ནག་རྟགས་ཅན”ཞེས་འབོད་ཀྱི་ཡོད།
         “རྡོ་ནག་རྟགས་ཅན”ནི་མིག་སྔར་འཛམ་གླིང་ཐོག་གསར་རྙེད་སྔ་ཤོས་ཡིན་པའི་ཨ་རབ་ཀྱི་བྱིང་གྲུའི་གྲས་ཤིག་ཡིན་པ་དང་དུས་རབས་20པར་གསར་རྙེད་ཐུབ་པའི་རྒྱ་མཚོའི་གནའ་རྫས་གལ་ཆེ་ཤོས་དང་ལོ་རྒྱུས་རིང་ཤོས་ཀྱི་གྲས་ཤིག་རེད་ཅེས་བརྗོད་ཀྱི་ཡོད། གྲུ་ཐོག་ནས་རྙེད་པའི་ཁྲང་ཧྲའི་དཀར་ཡོལ་ཐོག་ཐང་རྒྱལ་རབས་ཀྱི་གོང་མ་སྐུ་ཐོག་བཅོ་ལྔ་པ་ལི་ཀྲན་ཁྲི་ལོ་གཉིས་པ་ཞེས་པའི་ལོ་རྟགས་འཁོད་པས་བྱིང་གྲུའི་ལོ་རབས་ནི་དུས་རབས་དགུ་པའི་དུས་རབས་སྟོད་མར་ཡིན་པའི་གཏན་འཁེལ་ཐུབ་པ་དང་དེ་ནི་ད་བར་ཆུ་ནང་ནས་བཏོན་པའི་ཆེས་གནའ་བོའི་མཚོ་འགྲུལ་གཡོར་གྲུ་ཞིག་རེད། “རྡོ་ནག་རྟགས་ཅན”ནི“མཚོ་ཐོག་རྫ་ཆས་ལམ་བུའི”དཔང་རྟགས་ཁུངས་བཙན་ཞིག་ཡིན་པ་དང་དེ་ཐོག་ནས་ཐང་རྒྱལ་རབས་དུས་སུ་ཀྲུང་གོ་དང་ཨ་རབ་ས་ཁུལ་དབར་མཚོ་ཐོག་རྫ་ཆས་ཚོང་དོན་སྤེལ་རེས་བྱེད་ཀྱི་ཡོད་པ་ར་འཕྲོད་ཐུབ།
         རིགས་གཅིག་མཁས་ཅན་གྱིས་རིགས་འདེད་བྱས་པ་བརྒྱུད“རྡོ་ནག་རྟགས་ཅན”གྱི་ཚོང་གྲུའི་ནང་དངོས་ཟོག་བླུགས་ཏེ་ཀྲུང་གོ་ནས་ཨ་རབ་ཏུ་བསྐྱོད་པའི་ལམ་བར་དུ་ཧིན་རྡུ་ཉི་ཤི་ཡའི་མཚོ་ཁོངས་སུ་དིམ་པ་ཤེས་རྟོགས་བྱུང་བ་རེད། ཆུ་ནང་དངོས་འདོན་པས་གྲུ་ཐོག་ནས་རིག་དངོས་ཁྲི་6.7ལྷག་ཙམ་གསར་དུ་རྙེད་པ་དག་སྤྱིར་ན་ཀྲུང་གོས་བཟོས་པ་ཤ་སྟག་ཡིན་པ་དང་དེའི་ཁྲོད་ནས་98%ནི་རྫ་ཆས་ཡིན་པ་རེད། རྫ་ཆས་ཁྲོད་གཙོ་བོ་དཀར་ཡོལ་དང་། ལྟི་རི་འཛིན་ལོང་ཅན། ཆང་དཀར། སྡེར་མ། རྫ་སྣོད་སོགས་འཚོ་བའི་སྣོད་ཆས་ཡོད། གཞན་ཡང་ད་དུང་འཕྲོ་བརླག་ཕྱིན་མེད་པའི་ཐང་རྒྱལ་རབས་དུས་ཀྱི་གུང་རྫོང་ནས་བཟོས་པའི་དཀར་སྡེར་སྔོ་ཁྲ་གསུམ་རྙེད་སྟབས་རྫ་ཆས་ལས་རིགས་ཁྲོད་སྐད་གྲགས་ཆེན་པོ་བྱུང་ཡོད།
         ད་ཐེངས་སིང་ཀ་ཕོར་ཨེ་ཤེ་ཡ་ཤེས་དཔལ་རྟེན་རྫས་བཤམས་སྟོན་ཁང་དུ་གཉེར་བའི“ཐང་རྒྱལ་རབས་དུས་ཀྱི་བྱིང་གྲུའི”རྩ་ཆེའི་ནོར་བུའི་འགྲེམས་སྟོན་ཐོག“རྡོ་ནག་རྟགས་ཅན”གྱི་བྱིང་གྲུ་ནས་གསར་དུ་རྙེད་པའི་རྩ་ཆེའི་རིག་དངོས་འབོར་ཆེན་ཞིག་འགྲེམས་སྟོན་བྱས་པའི་ནང་ཐང་རྒྱལ་རབས་དུས་ཀྱི་ཁྲང་ཧྲ་ནས་ཐོན་པའི་དཀར་ཡོལ་དང་ལྟི་རི་འཛིན་ལོང་ཅན་དང་ཀྲུང་གོའི་ལྷོ་ཕྱོགས་ནས་ཐོན་པའི་གསེར་དངུལ་རྒྱན་ཆ་དང་། ཐང་རྒྱལ་རབས་དུས་ཀྱི་དངུལ། མེ་ལོང་སོགས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།