འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།“4·25”བོད་ལྗོངས་སྐྱིད་གྲོང་ས་ཡོམ་གེགས་ཁུལ་དུ་ཡུལ་མི་ཚོས་དགའ་སྤྲོའི་ངང་ལོ་གསར་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་20ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།“4·25”བོད་ལྗོངས་སྐྱིད་གྲོང་ས་ཡོམ་གེགས་ཁུལ་དུ་ཡུལ་མི་ཚོས་དགའ་སྤྲོའི་ངང་ལོ་གསར་བཏང་བ།
         མི་དམངས་དྲ་བའི་འཕྲིན། “ཁྱེད་ལ་ཤོག་དངུལ་བསྒྲིལ་བའི་བག་ཐུག་རག་བྱུང་ངམ། དེ་རག་ན་ལོ་གསར་པའི་ནང་རྒྱུ་ནོར་འཕེལ་བ་མཚོན་གྱི་ཡོད། བུ་མོ་ཆུང་ཆུང་ལ་ཤིང་ལྤགས་བསྒྲིལ་བའི་བག་ཐུག་རག་ན་བུ་མོ་དེ་ཁ་ལ་ཉན་པོ་མེད་པ་མཚོན་གྱི་ཡོད”ཅེས་དགའ་སྤྲོའི་རྣམ་པའི་ཁྲོད་སྐྱིད་ཕུ་གྲོང་ཚོའི་གྲོང་མི་ཚེ་དབང་བཟང་མོས་དགུ་ཐུག་གི་ནང་དོན་འགྲེལ་བཤད་བརྒྱབ་བྱུང་།
         དགུ་ཐུག་ནི་གྲོ་མ་དང་ཞོག་ཁོག་སོགས་ཟས་སྣ་ཁ་དགུ་ལས་གྲུབ་པའི་ཐུག་པ་ཞིག་ཡིན་ཞིང་། བོད་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལྟར་དགུ་ཐུག་བསྐོལ་སྐབས་སུ་མི་རྣམས་ཀྱིས་སྤྱིར་ན་བག་ཐུག་ནང་བལ་དང་། སུར་པན། སྲན་མ། སོལ་བ་སོགས་བསྒྲིལ་ནས་ནང་དོན་མི་འདྲ་བ་མཚོན་པ་བྱས་ཏེ་དུས་ཆེན་གྱི་རྣམ་པ་ཇེ་ཟབ་ཏུ་གཏོང་གི་ཡོད་པ་རེད།
         ཚེས་7ཉིན་ནི་དཔྱིད་གསར་དུས་ཆེན་གྱི་གནམ་གང་ཡིན་ལ་བོད་ཀྱི་ལོ་གསར་གྱི་དགུ་ཐུག་གི་དགོང་མོ་དང་ཏག་ཏག་འཁེལ་ཞིང་། གསར་འགོད་པ་དེ་ཉིན་དགོང་མོ་ཀྲུང་ནེའི་མཐའ་མཚམས་ཁུལ་དུ་གནས་པའི་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་ཕུ་གྲོང་ཚོར་བཅར་འདྲིར་བསྐྱོད་པ་ཡིན། ན་ནིང་ས་ཡོམ་ཆེན་པོའི་གནོད་འཚེ་ཕོག་མོད། འོན་ཀྱང་འདི་གའི་མང་ཚོགས་རྣམས་ཁང་པའི་ཕྱི་ནང་གང་སར་གཙང་སྦྲ་བྱེད་པ་དང་ལོ་གསར་གྱི་སྡེར་ཁ་སྒྲིག་པ་སོགས་ཀྱི་ལས་ལ་གཞོལ་ནས་ཁྱིམ་ཚང་ཚང་མའི་ནང་དགའ་སྤྲོའི་རྣམ་པས་ཁེངས་པ་དང་ཤོག་སྦག་གི་སྒྲ་གང་སར་གྲགས་ནས་ཡུལ་མི་ཚོས་དྲིན་གཟོའི་བསམ་པ་འཆང་བ་དང་འབྱུང་འགྱུར་ལ་རེ་བ་བྱེད་བཞིན་ས་ཡོམ་རྗེས་ཀྱི་ལོ་གསར་ཐེངས་དང་པོ་བསུ་བཞིན་མཆིས།
         ནོང་ས་ན་ནིང་ཧྲེ་ཅ་ཀྲོང་དཔལ་འབྱོར་སློབ་གླིང་དུ་རྒྱུགས་འཕྲོད་ཅིང་། གསར་འགོད་པ་ཁོ་མོའི་ཁྱིམ་དུ་སྐྱོད་སྐབས་གསར་དུ་ཉོས་པའི་གློག་སྒྲོན་དང་ཤིང་འབྲས་སྐམ་པོ་གཞན་དག་ལྕོག་ཙེའི་སྟེང་བསྒྲིགས་ཡོད་པ་དང་ཁོང་ཚོའི་ནང་མི་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་དགུ་ཐུག་འཐུང་བཞིན་ཡོད་པ་མཐོང་བྱུང་།
         ཕྱི་དྲོའི་ཆུ་ཚོད་6པ་ཙམ་ལ་གསར་འགོད་པ་ལོ་59ལ་སླེབས་པའི་དབང་འདུས་ཀྱི་ཁྱིམ་དུ་སྐྱོད་སྐབས་ཁོང་གིས་རྩམ་པ་དང་མར་ལས“ཞལ་ཟས་མཆོད་པ”(དེ་ཁུལ་གྱི་བོད་ཀྱི་ལོ་གསར་སྐབས་ཀྱི་དམིགས་བསལ་རྫས་གལ་ཆེན་ཞིག་ཡིན་པ་)བཞེངས་བཞིན་ཡོད་པ་མཐོང་བ་དང་དེའི་དབྱིབས་མཆོད་རྟེན་དང་འདྲ་པོ་ཡོད། དབང་འདུས་ཀྱིས“དེ་ནི་སྐྱིད་གྲོང་རྒྱུད་དུ་ལོ་གསར་གཏོང་སྐབས་ངེས་པར་དུ་སྒྲིག་དགོས་པའི་རྫས་ཤིག་ཡིན་པ་དང་ལོ་གསར་པའི་ནང་འབྲུ་རིགས་སྣ་ལྔར་ལོ་ལེགས་ཡོང་བ་དང་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་བའི་རེ་སྨོན་བྱེད་པ་ཞིག་རེད”ཅེས་བཤད་བྱུང་།
         2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལའི་ས་ཡོམ་ཆེན་པོ་རིམ་པ་8.1གི་ཤུགས་རྐྱེན་ཕོག་པའི་དབང་གིས་སྐྱིད་ཕུ་གྲོང་ཚོའི་སྡོད་ཁང་80%ཡན་ལ་སེར་ག་ཤོར་བའམ་ཡང་ན་བརྡིབས་ཡོད་པ་རེད། ས་ཡོམ་གནོད་འཚེ་ཐོན་རྗེས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་ཡོམ་འགོག་གེགས་སེལ་གྱི་ལས་དོན་མཉམ་དུ་སྤེལ་ནས་གྲོང་ཚོ་དེར་གུར་དང་། ཕོ་ཁེབས། ཟས་རིགས་སོགས་དངོས་པོ་མང་པོ་བསྐྱལ་ནས་མང་ཚོགས་རྣམས་དཀའ་གནད་ལས་སྒྲོལ་ཐུབ་པ་བྱས་ཡོད་པ་རེད། སྐྱིད་ཕུ་གྲོང་ཚོར་དུད་ཚང་35དང་མི་175ཡོད་པ་རེད།
         “ཏང་དང་སྲིད་གཞུང་གི་བཀའ་དྲིན་གྱིས་ང་ཚོ་གཞི་ནས་ལྟོ་གོས་ཐད་སེམས་ཁྲལ་མི་འདུག”ཅེས་གྲོང་མི་ནོར་བུ་ཚེ་རིང་གིས་བརྗོད་པ་དང་། ཁོང་གིས་ས་ཡོམ་གྱིས་ང་ཚོར་གྱོང་གུན་བཟོས་ཡོད་མོད། འོན་ཀྱང་ཏང་དང་སྲིད་གཞུང་གིས་དུས་ཐོག་ཏུ་རོགས་སྐྱོར་དང་བཀོད་སྒྲིག་ལུགས་མཐུན་བྱས་ནས་ཡུལ་མི་ཚང་མ་སྒྲིག་འཛུགས་བྱས་ཏེ་རང་སྟོབས་རང་སྤེལ་དང་ཐོན་སྐྱེད་སླར་གསོ་ཡོང་བ་བྱས་པས་ང་ཚོས་འབྱུང་འགྱུར་ལ་རེ་བ་ཆེན་པོ་བྱེད་བཞིན་ཡོད། འདི་ལོ་ལོ་གསར་ཡག་པོ་གཏོང་ཐུབ་པ་བྱ་ཆེད་སྔ་ས་ནས་བུ་རམ་དང་། འབྲས། གྲོ་ཞིབ་སོགས་ལོ་གསར་གྱི་མཁོ་ཆས་མང་པོ་ཉོས་པའི་ཁར་ནང་མི་ཚང་མར་ལོ་གསར་གྱི་གྱོན་ཆས་གསར་པ་ཉོས་པ་ཡིན་ཞེས་བཤད་བྱུང་།
         དགོང་མོའི་ཆུ་ཚོད་8པ་ཙམ་དུ་དབང་འདུས་ཁྱིམ་གྱིས་དགུ་ཐུག་བཏུང་རྗེས་གྲོང་མི་གཞན་དག་དང་འདྲ་བར་གླུད་བརྫངས་པ་དང་དེ་ནི་འདས་ཟིན་པའི་ལོ་གཅིག་གི་གེགས་བར་ཆད་སེལ་བའི་ཆེད་དུ་ཡིན་པ་དང་དེ་ནི་དགུ་ཐུག་དགོང་མོའི་གླུད་བརྫངས་པའི་བྱེད་སྒོའི་གྲས་ཤིག་ཡིན་པ་རེད།
         ལོ་གསར་གྱི་རེ་འདུན་སྐོར་གླེང་སྐབས་གྲོང་མི་ཚོས་ད་ཆ་ཟས་གོས་ཐད་སེམས་ཁྲལ་མི་འདུག ཡོམ་འགོག་ཐུབ་པའི་ཁང་པའི་ནང་སྔ་ཙམ་སྡོད་རྒྱུ་ནི་ཁོ་ཚོའི་ཐུན་མོང་གི་བསམ་འདུན་ཡིན་ཞེས་བཤད་བྱུང་། བཀྲ་ཤིས་ཀྱིས“གོ་ཐོས་ལ་རྫོང་གིས་བསྐྱར་སྐྲུན་བྱེད་སྐབས་གྲོང་ཚོའི་ནང་གི་ཁང་པ་གཅིག་གྱུར་ཐོག་འཆར་འགོད་བྱས་ནས་སྐྲུན་རྩིས་འདུག དེས་མ་ཚད་ཡོམ་འགོག་གི་སྒྲོམ་གཞི་བཅས་ཡོད་པ་དང་དཔྱིད་ཀར་ལས་འགོ་འཛུགས་རྒྱུ་ཡིན་པས་ང་ཚོས་རེ་བ་ཆེན་པོ་བྱེད་ཀྱི་ཡོད”ཅེས་བཤད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།