འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྐང་འཁོར་འགྲན་བསྡུར་གྱི“མྱུར་ཚད”མགྱོགས་སུ་གཏོང་དགོས་ལ“སྤུས་ཚད”
    དེ་བས་ཀྱང་མཐོ་རུ་གཏོང་དགོས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དེང་དུས་ཀྱི་ཀྲུང་གོར་རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་ཡང་སྙིང་ཇི་ཙམ་ཡོད་དམ། ཉིན་ཤས་གོང་མི་དམངས་དྲ་བའི་ལུས་རྩལ་འཕྲིན་ལམ་དང་མི་དམངས་དྲ་བའི་གླེང་ཕྱོགས་གནས་ཚུལ་ལྟ་ཞིབ་ཚད་ལེན་ཁང་གཉིས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི“2015ལོའི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྐང་འཁོར་འགྲན་བསྡུར་གྱི་རིམ་ཐོ”དེ་ཚད་འཇལ་ཁྲེ་ཙེ་ལྟ་བུ་ཡིན་ཞེས་བརྗོད་ཆོག ཞུགས་མཁན་རིམ་བཞིན་མང་དུ་འགྲོ་བ་དང་དར་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ་དེ་ཐོག་ནས་རང་རྒྱལ་གྱི་རྐང་འཁོར་ལུས་རྩལ་དབྱར་མཚོ་རྒྱས་པ་བཞིན་གོང་དུ་འཕེལ་བ་མཚོན་གྱི་ཡོད། ལས་རིགས་ནང་ཁུལ་གྱི་མི་སྣས་ཧ་ལས་ཧང་སངས་ཀྱིས་བཤད་པ་བཞིན་དུས་ཐུང་ལོ་ཤས་རིང་རང་རྒྱལ་གྱི་རྐང་འཁོར་འགྲན་བསྡུར་དེས་དུས་སྐབས་ཡག་ཤོས་ཤིག་བསུས་པ་དང་ཆབས་ཅིག་ཐ་སྙད་གསར་རྐྱང་ཡིན་པའི“རྐང་འཁོར་གྱི་རྒྱལ་ཁབ་ཆེན་པོ”ཞིག་འཚར་ལོངས་ཡོང་བཞིན་ཡོད་པ་རེད།
         ཆེད་ལས་འགྲན་བསྡུར་དང་ལས་ཞོར་འགྲན་བསྡུར་གཉིས་ཀའི་གྲངས་འབོར་མང་དུ་སོང་བ།
         ཚོང་ལས་རང་བཞིན་དང་མང་ཚོགས་རང་བཞིན་གྱི་ལུས་རྩལ་འགྲན་བསྡུར་ལ་ཞིབ་བཤེར་མཆན་འགོད་མི་དགོས་པ་བཟོས་པ་དང་ཆབས་ཅིག་ལུས་རྩལ་ཐོན་ལས་ཀྱིས་སྲིད་ཇུས་ཀྱི་ཁེ་སྤོགས་རྒྱུན་མི་ཆད་པར་སྤྲད་པ་ལས་རང་རྒྱལ་གྱི་རྐང་འཁོར་འགྲན་བསྡུར་དེ་2015ལོར་དབྱར་མཚོ་རྒྱས་པ་བཞིན་གོང་ནས་གོང་དུ་འཕེལ་བའི་རྣམ་པ་ཞིག་ཐོན་ཡོད། རགས་རྩིས་ལྟར་ན། མིག་སྔར་ས་གནས་ཁག་གིས་སྤེལ་བའི་རྐང་འཁོར་འགྲན་བསྡུར་དང་རྐང་འཁོར་གཏོང་བའི་བྱེད་སྒོ་3000ལས་བརྒལ་ཡོད། རིམ་ཐོ་དེའི་ནང་2015ལོར་གཞི་ཁྱོན་ཅུང་ལྡན་པའི་རྐང་འཁོར་འགྲན་བསྡུར་ཐེངས་ཉིས་བརྒྱ་ཙམ་ལ་བསྡོམས་རྩིས་བརྒྱབ་པའི་ཁར་ཆེད་ལས་རང་བཞིན་དང་། དམངས་ཡོངས་རང་བཞིན། དར་ཤུགས་རང་བཞིན་བཅས་ཚད་གཞི་ཆེན་པོ་གསུམ་གཞིར་བཟུང་འགྲན་བསྡུར་ལེགས་གྲས་བརྒྱ་ཞིབ་དཔྱད་གཏན་འཁེལ་བྱས་ཡོད་པ་རེད།
         མིག་སྔའི་རྐང་འཁོར་འགྲན་བསྡུར་དར་ཤུགས་ཆེ་བའི་ཕྱོགས་གཉིས་ཏེ། ཕྱོགས་གཅིག་ནས“གཏོར་གཟུགས་མཆོད་རྟེན”གྱི་རྩེ་མོ་བཟུང་བའི་ཆེད་ལས་འགྲན་བསྡུར་ཇེ་མང་དུ་ཕྱིན་ཞིང་། 2015ལོར་རྒྱལ་སྤྱིའི་རང་བཞིན་གྱི་གཞུང་ལམ་རྐང་འཁོར་འགྲན་བསྡུར་ཐེངས་དགུ་བྱས་ཡོད། མིག་སྔར་ཀྲུང་གོ་འདི་ཉིད་ཨེ་ཤེ་ཡ་རུ་ཆ་མཚོན་ན་རྒྱལ་སྤྱིའི་རང་ཞུགས་མནའ་འབྲེལ་འགྲན་བསྡུར་གྱི་གཉེར་འགན་ལེན་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ལས་ཞོར་འགྲན་བསྡུར་དང་མང་ཚོགས་ཀྱི་བྱེད་སྒོས་བཅུ་ཆ་བརྒྱད་ཡན་ཟིན་ཞིང་། ལས་ཞོར་བདམས་ཐོན་པ་དང་རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་དག་འགྲན་བསྡུར་ནང་ཞུགས་མཁན“གཙོ་ཤུགས་དམག”ཅིག་ཏུ་གྱུར་ཡོད་པ་རེད།
         ཕྱོགས་བསྡུས་བསྡུར་ཞིབ་བྱས་པ་བརྒྱུད་མཚོ་སྔོན་པོ་བསྐོར་བའི་འགྲན་བསྡུར་དང་། ཧའེ་ནན་གླིང་ཕྲན་བསྐོར་བའི་འགྲན་བསྡུར། ཀྲུང་གོ་བསྐོར་བའི་འགྲན་བསྡུར་བཅས་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྐང་འཁོར་འགྲན་བསྡུར་གྱི་ཨང་དང་པོ་ནས་གསུམ་པ་བར་བདམས་ཡོད་པ་རེད།
         དཔལ་འབྱོར་འཕེལ་རྒྱས་འགོར་བའི་ས་ཁུལ་དུ་རྐང་འཁོར་འགྲན་བསྡུར་སྒྲིག་འཛུགས་བྱེད་མང་བ།
         ཉམས་མྱོང་ལྟར་ན། ལུས་རྩལ་འགྲན་བསྡུར་དར་འཕེལ་བྱུང་ཚད་དེ་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་དང་འབྲེལ་བ་དམ་ཟབ་ཡོད། དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་མང་པོ་ཞིག་ལུས་རྩལ་འཕེལ་རྒྱས་ཆེ་བའི་ས་ཁུལ་གྱི་གྲས་སུ་གཏོགས་ཀྱི་མེད་ནའང་རྐང་འཁོར་འགྲན་བསྡུར་སྒྲིག་འཛུགས་བྱས་ཚུལ་གཞན་ལས་མངོན་གསལ་དོད་པ་ཡོད། རིམ་ཐོའི་ནང་མངོན་པར། 2015ལོར་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31གིས་སྒྲིག་འཛུགས་བྱས་ནས་རྐང་འཁོར་འགྲན་བསྡུར་བྱས་པ་དེ་ཡོངས་སུ་ཁྱབ་ཅིང་། དེའི་ནང་དབུས་ནུབ་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱིས་ཧ་ལམ་འགྲན་བསྡུར་བསྡོམས་གྲངས་ཀྱི་60%ཟིན་ཡོད་པ་རེད།
         སྤུས་ལེགས་འགྲན་བསྡུར་གྱི་སྤུས་རྟགས་གཏོད་པར“མྱུར་ལམ”མེད་པ།
         ཁྱབ་འགྱེད་གཞི་རྒྱ་ཧ་ཅང་ཆེ་བ་དང་། སྡེ་ཚན་ཧ་ཅང་མང་པོ་དང་འབྲེལ་བ་ཡོད་པ། འགན་ལེན་ཞབས་ཞུ་འཐུས་ཚང་དགོས་པ་བཅས་ཀྱི་རྐང་འཁོར་འགྲན་བསྡུར་སྒྲིག་འཛུགས་བྱེད་པའི་དཀའ་ཚད་དེ་རྣམ་གྲངས་ཁག་ནང་གི་མཐོ་ཤོས་ཤིག་རེད། འགྲན་བསྡུར་ལ་ཞིབ་བཤེར་མཆན་འགོད་མི་དགོས་པ་བཟོས་རྗེས་ཞུགས་འཐུས་ཚད་གཞི་དམའ་རུ་སོང་བས་ས་གནས་ཀྱི་འགྲན་བསྡུར་སྒྲིག་འཛུགས་ནུས་པར་ཚོད་བགམ་དེ་བས་ཆེན་པོ་འཕྲད་ཡོད། མིག་སྔར་རྐང་འཁོར་འགྲན་བསྡུར་སྣ་ཚོགས་ཁྲོད་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་མ་བྱུང་བ་དང་། འགྲན་ལམ་ལ་ལར་གེགས་དངོས་གཙང་སེལ་རྦད་དེ་མ་བྱུང་བ། སྒྲིག་འཛུགས་པས་སྒྲིག་སྲོལ་ལྟར་འགྲན་བསྡུར་སྒྲིག་འཛུགས་མ་བྱས་པ་ལ་སོགས་པའི་གནས་ཚུལ་ཡང་ཡང་ཐོན་པ་ལས་འགྲན་ཞུགས་བདམས་ཐོན་པ་དང་དེ་བཞིན་འགྲན་བསྡུར་ལ་ལྟ་མཁན་ཚོར་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། བསྡོམས་རྩིས་ལྟར་ན། 2015ལོར་ཁྱོན་འགྲན་བསྡུར་གསར་པ་33བྱས་པ་དང་སྔོན་དཔག་བྱས་ན་འབྱུང་འགྱུར་མུ་མཐུད་མང་དུ་འགྲོ་རྒྱུ་རེད། དེས་ན་ཇི་ལྟར་བྱས་ཏེ“གྲངས་འགྱུར”ནས“ངོ་འགྱུར”བར་དུ་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དེ་རྒྱལ་ནང་གི་རྐང་འཁོར་འགྲན་བསྡུར་ཐད་ཀྱི་གོམ་སྟབས་རྗེས་མའི་འབད་ཕྱོགས་ཤིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།