འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།པང་ཁོག་དེ་ཉིད་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཆེས་དགའ་བསུ་ཐོབ་པའི་
    ཡུལ་སྐོར་བྱ་ཡུལ་དུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སིང་ཀ་ཕོར་དུ་ཡོངས་བསྒྲགས་བྱས་པའི“ཝན་ཧྲི་ཏ་ཁ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུལ་སྐོར་བྱ་ཡུལ་སྟོན་གྲངས”ལྟར་ན། ཐེ་ལན་གྱི་རྒྱལ་ས་པང་ཁོག་ནི་རྒྱལ་སྤྱིའི་ཡུལ་སྐོར་བས་ཆེས་དགའ་པོ་བྱེད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུལ་སྐོར་བྱ་ཡུལ་ཨང་དང་པོ་ཡིན་པ་དང་། ཨང་གཉིས་པ་ནི་སིང་ཀ་ཕོར་དང་རི་པིན་གྱི་རྒྱལ་ས་ཐོ་ཁེའོ་ཡིན་པ་རེད།
         མིང་རིམ་ཐོ་ཡིག་དེ་འབྲི་སྐབས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་ཁབ་དང་ས་ཁུལ་22ཀྱི་དམིགས་ཡུལ་167དུ་ན་ནིང་མཁའ་འགྲུལ་ལྟེ་གནས་བརྒྱུད་རྒྱལ་ཁོངས་སུ་འཛུལ་ནས་ཉུང་མཐར་ཞག་གཅིག་བསྡད་པའི་རྒྱལ་སྤྱིའི་ཡུལ་སྐོར་བའི་གྲངས་འབོར་ལ་བརྟག་ཞིབ་བྱས་ཡོད་པ་དང་། དམིགས་ཡུལ་འདི་དག་ཏུ་ཡོང་བའི་རྒྱལ་སྤྱིའི་ཡུལ་སྐོར་བས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་རྒྱལ་སྤྱིའི་ཡུལ་སྐོར་བའི་མི་ཐེངས་བསྡོམས་འབོར་གྱི་བཅུ་ཆ་དགུ་ཡན་ཟིན་ཡོད་པ་རེད།
         བརྟག་ཞིབ་བྱས་པ་ལས་མངོན་པར་གཞིགས་ན། པང་ཁོག་ནི་རྒྱལ་སྤྱིའི་ཡུལ་སྐོར་བས་ཆེས་དགའ་པོ་བྱེད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུལ་སྐོར་བྱ་ཡུལ་ཨང་དང་པོ་ཡིན་ཞིང་། ན་ནིང་རྒྱལ་ཁོངས་སུ་འཛུལ་ནས་ཉུང་མཐར་ཞག་གཅིག་བསྡད་པའི་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་2000ལས་བརྒལ་བ་དང་། ཨང་གཉིས་པ་སིང་ཀ་ཕོར་དང་ཐོ་ཁེའོ་གཉིས་ཀྱིས་རྒྱལ་སྤྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་1180ཙམ་རེར་སྣེ་ལེན་ཞུས་པ་དང་། ཨང་དང་པོ་ནས་ཉི་ཤུའི་བར་གྱི་ཡུལ་སྐོར་དམིགས་ཡུལ་གཞན་དག་ནང་ཅི་ལུང་ཕོ་དང་། ཕུའུ་ཅི་ཏའོ། ཧྲོའར་སོགས་ཚུད་ཡོད་པ་རེད། གཞན་ཡང་ཐེ་ལན་གྱི་ཡུལ་སྐོར་བྱ་ཡུལ་གསུམ་རིམ་ཐོ་དེའི་ནང་ཚུད་རྐྱེན་ཐེ་ལན་དེ་ཉིད་ཆེས་དགའ་བསུ་ཐོབ་པའི་རྒྱལ་ཁབ་ཏུ་གྱུར་ཡོད་པ་རེད།
         ཝན་ཧྲི་ཏ་ཁ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གོ་ལ་ཧྲིལ་པོའི་ཐོན་རྫས་དང་དེ་བཞིན་ཐག་གཅོད་ཇུས་གཞིའི་སྤྱི་ཁྱབ་ལྟ་ཞིབ་པ་མཱ་ཞིའུ·ཏེ་ལའེ་ཧྥོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་ཡུལ་སྐོར་བ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུལ་སྐོར་བའི་གྲངས་འབོར་འཕར་བའི་འབྱུང་ཁུངས་གཙོ་བོ་ཡིན་པ་དང་། གྲངས་གཞིའི་ཐོག་མངོན་པར་གཞིགས་ན། 2009ལོ་ནས་2015ལོའི་བར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་གསར་འཕར་ཡུལ་སྐོར་བའི་ཁྲོད་ཀྱི་སུམ་ཆ་གཅིག་ནི་ཀྲུང་གོའི་ཡུལ་སྐོར་བ་ཡིན་ལ། ཀྲུང་གོའི་ཡུལ་སྐོར་བའི་གྲངས་འབོར་ཨང་གཉིས་པ་ཡིན་པའི་ཧན་གོའི་ཡུལ་སྐོར་བའི་གྲངས་འབོར་གྱི་ལྡབ་ལྔ་ཡན་ཟིན་ཡོད་ཅེས་བཤད་པ་རེད། ཁོང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཡུལ་སྐོར་ལས་རིགས་དེ་སྔར་བཞིན་ཤུགས་ཆེན་འཕར་རྒྱུ་ཡིན་པ་དང་། ཡུལ་སྐོར་བར་དམིགས་ནས་གྲངས་གཞིའི་དབྱེ་ཞིབ་བྱས་ན། ཡུལ་སྐོར་ལས་རིགས་གཉེར་མཁན་དང་སྲིད་གཞུང་གིས་ཡུལ་སྐོར་ལས་རིགས་ཀྱི་དགོས་མཁོ་དང་འཚམ་པའི་སྲིད་ཇུས་སྔར་བས་ཡག་པོ་བཟོ་རྒྱུར་ཕན་པ་ཡོད་པའི་ངོས་འཛིན་བྱས་པ་རེད།
         མིང་རིམ་ཐོ་ཡིག་དེའི་ནང་ད་དུང་ཉིན་རེའི་ཆ་སྙོམས་འཛད་སྤྱོད་དངུལ་འབོར་ཆེས་མཐོ་བའི་ཡུལ་སྐོར་དམིགས་ཡུལ་20ལ་ཡང་བརྟག་ཞིབ་བྱས་པའི་ནང་། ཧྲང་ཧའེ་ཡི་ཉིན་རེའི་ཆ་སྙོམས་འཛད་སྤྱོད་དངུལ་འབོར་ཨ་སྒོར་269ཟིན་ནས་ཨང་དང་པོ་གྱུར་པ་དང་། དེའི་རྗེས་ནས་པེ་ཅིང་དང་། ཧྲོའར། སིང་ཀ་ཕོར། ཤང་ཀང་བཅས་ཡིན་པ་རེད། རྒྱལ་སྤྱིའི་ཡུལ་སྐོར་བའི་འཛད་སྤྱོད་བསྡོམས་འབོར་རིམ་ཐོའི་ནང་པང་ཁོག་གིས་ཉིན་རེའི་ཆ་སྙོམས་འཛད་སྤྱོད་བསྡོམས་འབོར་ཨ་སྒོར་དུང་ཕྱུར་152ཀྱི་ཐོག་ནས་ཡང་བསྐྱར་ཨང་དང་པོ་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།