འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཞི་ཁོའི་ངོ་མཚར་ཆེ་བའི་གདོད་མའི་ཤིང་བརྐོས། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་22ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
           ད་ཕན་ལོ་ཤས་ནང་མོ་ཞི་ཁོའི་ལྷོ་རྒྱུད་གྲོང་ཁྱེར་དུ་ཡོད་པའི་ཝ་ཧ་ཁ་དེ་རིམ་གྱིས་ཡུལ་སྐོར་བས་དགའ་པོ་བྱེད་པའི་གནས་སུ་གྱུར། ཁོང་ཚོའི་ཡིད་དབང་འཕྲོག་ཤོས་ནི་འཛམ་གླིང་རིག་གནས་ཤུལ་བཞག་གི་གནའ་གྲོང་དུ་བདམས་པ་དེ་ཁོ་ན་མིན་པར་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་དབྱིན་ཏི་ཨན་གྱི་རིག་གནས་དེ་རེད།
         “ཝ་ཧ་ཁ་རུ་ཡུལ་སྐོར་དུ་བསྐྱོད་ཚེ་ངེས་པར་དུ་མཐའ་འཁོར་གྱི་གྲོང་ཚོར་བསྐྱོད་དགོས”ཞེས་མོ་ཞི་ཁོའི་ཝ་ཧ་ཁ་ཀྲོའུ་ཡི་སྨྱན་སྦྱོར་སྤྱི་པའི་འབྲེལ་བའི་འགན་འཁུར་བ་ལ་ཧྥ་ཨར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད།
         ཝ་ཧ་ཁ་གྲོང་ཁུལ་ནས་རླངས་འཁོར་ལ་བསྡད་དེ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྐྱོད་ན་ཧྲེང་མ་ཏིང·ཐིར་ཁ་ཧེ་ཐེ་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་འབྱོར་གྱི་ཡོད། གྲོང་ཚོ་དེ་ཉིད་མོ་ཞི་ཁོའི་སྤྱིར་བཏང་གྲོང་ཚོ་དང་ཁྱད་དེ་ཙམ་མེད། ཀྱག་ཀྱོག་ཆེ་ལ་གུ་དོག་པོའི་ལམ་དང་འཆར་འགོད་སྤུ་ཙམ་ཡང་མེད་པའི་ཡུལ་མིའི་སྡོད་ཁང་ལ་སོགས། ཐུན་མོང་མ་ཡིན་པ་ཞིག་ནི་གྲོང་ཚོའི་གང་སར་ཡོ་རོབ་དང་ཨ་མེ་རི་ཁའི་ཡུལ་སྐོར་བས་ཁེངས་འདུག ཁོང་ཚོ་དེ་གར་ཡོང་བའི་དམིགས་ཡུལ་ནི་ཤིང་བརྐོས་ལ་ལྟ་ཆེད་རེད།
         “ཨ་ལའེ་པུ་ལི་ཧེ”ཞེས་འབོད་པའི་ཚོན་ལྡན་ཤིང་བརྐོས་ནི་ཝ་ཧ་ཁའི་སྙན་གྲགས་གང་སར་ཁྱབ་པའི་འཛམ་གླིང་གི་ལག་ཤེས་སྒྱུ་རྩལ་ཞིག་རེད།
         བརྩམས་ཆོས་དེ་དག་ཇུས་འགོད་དང་རྐོ་དཀྲོལ་བྱེད་པ་ནས་ཚོན་གཏོང་བའི་བར་ཚང་མ་གྲོང་མིས་བྱེད་ཀྱི་ཡོད། དུས་རབས་གོང་མའི་དུས་འགོ་ནས་བཟུང་ཤིང་བརྐོས་རྒྱག་རྒྱུ་ནི་སྔར་ནས་བཟུང་ས་ཁུལ་དེའི་ཞིང་དལ་སྐབས་ཀྱི་བྱེད་སྒོ་གལ་ཆེན་ཞིག་རེད།
         “དེ་གའི་བརྐོས་མ་དག་ལ་ཆ་མཚོན་ན། རྒྱུ་ཆ་དང་གསར་གཏོད་ནས་རྐོ་དཀྲོལ་དང་ཚོན་གཏོང་བ་བཅས་བར་ཚང་མ་ནི་ལག་ཤེས་རྐྱང་པ་ཡིན”ཞེས་ཨ་ལི་ཡ་སིས་འདི་ག་ཚགས་པར་གྱི་གསར་འགོད་པར་རང་ཉིད་བཟོ་ཁང་གི་ཁྱད་ཆོས་ངོ་སྤྲོད་བྱས།
         “ཤིང་བརྐོས་དེ་དག་ཝ་ཧ་ཁའི་གྲོང་ཁུལ་གྱི་ཚོང་ཁང་ནས་ཉོ་རྒྱུ་ཡོད་མོད། འོན་ཏེ་དེ་ག་ནས་ཁྱེད་ཀྱིས་གཞི་ནས་དེ་ཇི་ལྟར་བྱས་ཏེ་ཐོན་སྐྱེད་བྱས་པ་ཤེས་ཐུབ། ཡུལ་སྐོར་བའི་ངོས་ནས་བརྗོད་ན་དེ་ནི་ཧ་ཅང་ཐོབ་དཀའ་བའི་མྱོང་ཚོར་ཞིག་ཡིན”ཞེས་ལ་ཧྥ་ཨར་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་ངོ་སྤྲོད་བྱས།
         ཤང་གྲོང་གྱི་ཡུལ་ལྗོངས་མཐོང་ཐུབ་པ་དང་། དམངས་ཁྲོད་ཀྱི་བཟོ་རྩལ་ཤེས་རྟོགས་ཐུབ་པ་མ་ཟད། ད་དུང་རང་ཉིད་དགའ་བའི་དྲན་རྟེན་དངོས་པོ་ཡང་གདམ་རྒྱུ་ཡོད་པས་གཅིག་གོ་མང་ཆོད་རང་རེད། ཤང་གྲོང་དུ་བསྐྱོད་ནས་མྱོང་རོལ་རྣམ་པའི་ཡུལ་སྐོར་དུ་འགྲོ་རྒྱུ་དེ་ནི་མོ་ཞི་ཁོས་གོང་བཀུར་བྱེད་པའི་ཡུལ་སྐོར་བྱེད་སྟངས་ཤིག་རེད། དེས་ཡུལ་སྐོར་བས་མོ་ཞི་ཁོའི་རིག་གནས་ཐད་ཀར་ཤེས་རྟོགས་ཐུབ་ལ་ཐག་རིང་གྲོང་ཚོའི་མི་རྣམས་ལ་ཡོང་འབབ་གཏོད་ཐུབ་པར་བརྟེན་ད་ཆ་ཝ་ཧ་ཁར་ལག་ཤེས་བཟོ་རྩལ་མི་སྣ་ཁྲི་40ཡོད་པའི་གདོད་མའི་རྣམ་པའི་དམངས་ཁྲོད་སྒྱུ་རྩལ་དེ་བས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་སྲུང་སྐྱོང་ཐུབ་པ་དང་ལོ་ལྟར་ཡུལ་སྐོར་བ་ཁྲི་བརྒྱ་ཕྲག་གི་ཡིད་དབང་འགུགས་ཀྱི་ཡོད།
         ཨ་ལི་ཡ་སིའི་བཟོ་ཁང་ནང་མོ་ཞི་ཁོའི་སྐབས་རིམ་བྱུང་གི་ཙུང་ཐུང་ཚུད་པའི་ལས་རིགས་ཁག་གི་མི་སྣས་འཚམས་འདྲི་ཞུས་པའི་པར་ཡོད་པ་དང་། གྲོང་ཚོའི“ཨ་ལའེ་པུ་ལི་ཧེའི”ཤིང་བརྐོས་དག་ཐ་ན་རྒྱལ་ཁབ་ཀྱི་སྐུ་མགྲོན་གྱི་ལག་རྟགས་སུ་བདམས་ཡོད། ཤིང་བརྐོས་ཆུང་ངུ་དེ་ཐག་རིང་གྲོང་ཚོ་ལས་སྔ་ས་ནས་དོན་ཏེ་མོ་ཞི་ཁོའི་ཚོན་མདངས་རྣམ་པར་བཀྲ་བའི་མིང་བྱང་ཞིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།