འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།2016ཀྲུང་ཨེ་རིག་གནས་ལོའི་བྱེད་སྒོ་སྤེལ་ཉེར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་11ཉིན་ཤེས་རྟོགས་བྱུང་གསལ། 2016ཀྲུང་ཨེ་རིག་གནས་ལོའི་བྱེད་སྒོ་སྤེལ་ཉེར་ཡོད་པས་རྒྱལ་ཁབ་གཉིས་ཀྱིས་རིག་གནས་སྒྱུ་རྩལ་དང་། ཡུལ་སྐོར་སློབ་གསོ། གསར་འགྱུར་པར་སྐྲུན་དང་རླུང་འཕྲིན་བརྙན་འཕྲིན། ན་གཞོན་ལུས་རྩལ། རིག་དངོས་ཡིག་ཚགས། མཛའ་གྲོགས་གྲོང་ཁྱེར་དབར་གྱི་སྤེལ་རེས་སོགས་ཚུད་པའི་བྱེད་སྒོ་102སྤེལ་རྩིས་བྱེད་ཀྱི་ཡོད་པའི་ནང་ཀྲུང་གོ་ཕྱོགས་ཀྱིས་བྱེད་སྒོ་63དང་ཨེ་ཅིབ་ཕྱོགས་ཀྱིས་བྱེད་སྒོ་39སྤེལ་རྒྱུ་ཡིན་པ་རེད།
         ཀྲུང་གོའི་རིག་གནས་པུའུ་དང་ཀྲུང་གོར་བཅའ་སྡོད་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་ཁང་གིས་ཉིན་དེར་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རིག་གནས་པུའི་ཕྱི་ཕྱོགས་འབྲེལ་གཏུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའོ་ཡན་ཧྥེས་ཉེ་ཆར་ཀྲུང་ཨེ་ཕྱོགས་གཉིས་ཀྱིས་ཨེ་ཅིབ་ཀྱི་ལུའུ་ཁེ་སུའོ་རུ་རིག་གནས་ལོའི་འགོ་ཚུགས་མཛད་སྒོ་གཟབ་རྒྱས་ངང་མཉམ་དུ་འཚོགས་པར་སྒྱུ་རྩལ་པ་གྲགས་ཅན་ལང་ལང་ཚུད་པའི་རྒྱལ་ཁབ་གཉིས་ཀྱི་སྒྱུ་རྩལ་ཚོགས་པ་རྩེ་གྲ་མང་པོ་ཞུགས་ནས“ཤེས་དཔལ་ལྡན་པའི་གླེང་མོལ”གྱི་དགའ་སྟོན་ཞིག་ཐུན་མོང་ཐོག་བཤམས་པ་རེད། སྐབས་དང་པོའི་ཀྲུང་ཨེ་ཡིག་སྒྱུར་ལས་དོན་ཁང་དང་ཁེ་རོ་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་སྟོན་ཚོགས་སོགས་ཀྱི་བྱེད་སྒོ་ཡང་གཅིག་རྗེས་གཉིས་མཐུད་དུ་འཚོག་རྒྱུ་ཡིན་པ་རེད། པེ་ཅིང་དང་། ཧྲང་ཧའེ། ཀན་སུའུ། ཉིང་ཞ། ཀོང་ཏུང་། ཧའེ་ནན། ཨན་ཧུའེ་སོགས་ཞིང་ཆེན་དང་ལྗོངས་དང་གྲོང་ཁྱེར་སོགས་ཀྱང་མཛའ་གྲོགས་གྲོང་ཁྱེར་དབར་སྤེལ་རེས་བྱེད་པའི་རྣམ་པའི་ཐོག་ནས་ཧུར་ཐག་ཞུགས་རྒྱུ་ཡིན་པ་རེད།
         “ལོ་2000ལྷག་ཙམ་གྱི་གོང་ནས་བཟུང་གནའ་བོའི་དར་གོས་ལམ་བུ་བརྒྱུད་གནའ་བོའི་ཨེ་ཅིབ་རྒྱལ་རྒྱུད་ཀྱིས་ཀྲུང་གོའི་དར་གོས་གྱོན་ཐུབ་ཡོད་པ་དང་། ལམ་རྒྱུད་ཀྱི་ཚོང་ཟོག་ཀྱང་ཨེ་ཅིབ་ཀྱི་མཚོ་འགག་ལ་བརྟེན་ནས་ས་དབུས་རྒྱ་མཚོའི་རྒྱུད་ཀྱི་རྒྱལ་ཁབ་གཞན་དག་ལ་དབོར་བ་དང་། ད་ཆ་ཀྲུང་གོའི་འགོ་ཁྲིད་པས‘རྒྱུད་གཅིག་ལམ་གཅིག’གི་འཐབ་ཇུས་དགོངས་པ་བཏོན་པས་གནའ་བོའི་ཚོང་ལམ་དེར་ཡང་བསྐྱར་སྐྱེས་སྟོབས་རྒྱས་ཡོད”2016ཀྲུང་ཨེ་རིག་གནས་ལོའི་རིང་ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་གླུ་གར་འཁྲབ་སྟོན་དང་། སྒྱུ་རྩལ་མཁས་ཅན་གྱི་འཚམས་འདྲི་བྱེད་རེས། བུད་མེད་རིག་གནས་སྤེལ་རེས། ཨེ་ཅིབ་རིག་དངོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞེས་ཀྲུང་གོར་བཅའ་སྡོད་ཨེ་ཅིབ་ཀྱི་གཞུང་ཚབ་ཆེ་མོ་བ་མའེ་ཅི་ཏེ·ཨཱ་སྨིར་གྱིས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།