འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།དྲ་ཚུགས་ཚང་མས་ཁྱབ་སྤེལ་གྱི་ནང་དོན་ཐད་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་10ཉིན་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཅང་ཅུན་གྱིས“མྱུར་སྟོན”གྱོད་གཞིའི་སྐོར་གླེང་སྐབས། དྲ་རྒྱའི་ལག་རྩལ་སྤྱད་དེ་ཞབས་ཞུ་སྤེལ་མཁན་དྲ་ཚུགས་ཚང་མས་ཁྱབ་སྤེལ་ནང་དོན་ཐད་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས། དེ་ནི་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྒྲིག་གི་རྩ་དོན་གལ་ཆེན་ཞིག་རེད། “ཁྲིམས་ལྟར་དྲ་བཅོས་དང་། ཁྲིམས་ལྟར་དྲ་གཉེར། ཁྲིམས་ལྟར་དྲ་ཞུགས”བཅས་དྲ་སྦྲེལ་ལས་རིགས་དང་སྤྱི་ཚོགས་ཡོངས་སུ་ཁྱབ་པའི་མཐུན་ཆ་ཞིག་ཏུ་གྱུར་ཡོད་པས། ཚང་མས་ངེས་པར་དུ་བརྩི་སྲུང་ཞུ་དགོས་ཞེས་བཤད་པ་རེད།
         ཅང་ཅུན་གྱིས་དྲ་རྒྱའི་ཆགས་སྲེད་བརྙན་པར་གྱིས་སྤྱི་ཚོགས་ཁོར་ཡུག་ལ་སྦགས་བཙོག་ཆེན་པོ་བཟོ་བ་དང་། སྤྱི་ཚོགས་ཀྱི་དར་སྲོལ་ཉམས་དམས་སུ་འགྲོ་བ། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་གནོད་འཚེ་བཟོ་བ་བཅས་ལས་སྤྱི་ཚོགས་ལས་རིགས་ཁག་གིས་དེར་ཁོང་ཁྲོ་ཆེན་པོ་བྱེད་པ་དང་མི་དམངས་མང་ཚོགས་ཚོས་བཅོས་སྒྲིག་ནན་པོ་བྱེད་དགོས་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། དྲ་བའི་ཐོག་གི་ཆགས་སྲེད་བརྙན་པར་དེ་དག་སྤྱི་ཚོགས་ཀྱི་ནད་ཡམས་ལྟ་བུ་ཞིག་ཏུ་གྱུར་བས་མཐའ་གཅིག་ཏུ་བཅོས་སྒྲིག་བྱེད་དགོས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》སོགས་ཀྱི་བཅའ་ཁྲིམས་ནང་ཆགས་སྲེད་དངོས་པོ་བཟོ་བ་དང་། དབོར་འདྲེན། པར་སློག ཕྱིར་ཚོང་། བོགས་གཏོང་། ཁྱབ་སྤེལ་བཅས་ལ་ཆད་པ་ཇི་ལྟར་གཅོད་མིན་ཐད་གཏན་འབེབས་བྱས་ཡོད་པ་མ་ཟད། བཅའ་ཁྲིམས་དེ་གཉིས་ཀྱི་རྨང་གཞིའི་ཐོག་རང་རྒྱལ་གྱིས་ད་དུང་《དྲ་སྦྲེལ་པར་སྐྲུན་དོ་དམ་གྱི་གནས་སྐབས་གཏན་འབེབས་》དང་《དྲ་སྦྲེལ་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས་》སོགས་སྲིད་འཛིན་གཏན་འབེབས་དང་། དེ་བཞིན་《དྲ་སྦྲེལ་དང་། སྒུལ་བདེའི་འཕྲིན་གཏོང་མཐའ་སྣེ། སྐད་རྨེད་ལས་སྟེགས་བཅས་ལ་བརྟེན་ནས་ཆགས་སྲེད་གློག་རྡུལ་ཆ་འཕྲིན་སྒྲིག་བཟོ་དང་། པར་སློག དཔེ་སྐྲུན། ངན་སྤེལ། ཁྱབ་སྤེལ་བཅས་ཀྱི་ཉེས་དོན་གྱོད་གཞི་སྒྲུབ་གཉེར་ལ་སྤྱོད་པའི་བཅའ་ཁྲིམས་ཀྱི་གནད་དོན་འགག་ཞིག་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགྲེལ་བཤད་》དང་《འགྲེལ་བཤད་(གཉིས་པ)》བཏོན་ནས་དྲ་རྒྱར་བརྟེན་ཏེ་ཆགས་སྲེད་དངོས་པོ་སྒྲིག་བཟོ་དང་། པར་སློག དཔེ་སྐྲུན། ངན་སྤེལ། ཁྱབ་སྤེལ་བཅས་ལ་ཆད་པ་ཇི་ལྟར་གཅོད་མིན་ཐད་གཏན་འབེབས་ཁ་གསལ་བཟོས་པ་དང་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ཡོད། དྲ་བའི་ཐོག་ཆགས་སྲེད་བརྙན་པར་ཁྱབ་སྤེལ་བྱེད་མཁན་དྲ་ཚུགས་དང་ཆགས་སྲེད་བརྙན་པར་མཁོ་འདོན་བྱེད་མཁན་གང་རུང་ཡིན་ནའང་ཚང་མས་དེའི་དབང་གིས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ཞེས་བཤད་པ་རེད།
         ཟླ་1ཚེས་7དང་8ཉིན་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་ལྟར་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་པེ་ཅིང་གྲོང་ཁྱེར་ཧའེ་ཏན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པའི་ཞུ་སྦྱོར་ཕྱི་མའི་ཚན་པ་ཧྲེན་ཀྲེན་མྱུར་སྟོན་ཚན་རྩལ་ཚད་ཡོད་ཀུང་སི་དང་ཞུ་སྦྱོར་ཕྱི་མ་ཝང་ཤིན་དང་། ཝུའུ་མིང་། ཀྲང་ཁེ་ཏུང་། ཉིའུ་ཝུན་ཅུས་བཅས་ཀྱིས་ཆགས་སྲེད་དངོས་པོ་ཁྱབ་སྤེལ་བཏང་ནས་ཁེ་བཟང་ཡོང་ཐབས་བྱེད་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེར་འདྲི་ཞིབ་བྱས་པ་རེད།
         ཅང་ཅུན་གྱིས་ཉེ་ཆར་ཁྲིམས་འཛིན་ལས་ཁུངས་ཀྱིས“མྱུར་སྟོན”གྱི་ཆགས་སྲེད་བརྙན་པར་གྱོད་གཞིར་ཁྲིམས་ལྟར་ཡོངས་བསྒྲགས་ངང་འདྲི་ཞིབ་བྱས་པས་སློབ་གསོ་དང་ཉེན་བརྡའི་ནུས་པ་བཟང་པོ་ཐོན་ངེས་རེད་ཅེས་བཤད་པ་རེད།
         ཅང་ཅུན་གྱིས་དྲ་མིའི་རང་ངོས་ཁེ་དབང་སྲུང་སྐྱོང་བྱས་ནས་ཐུན་མོང་ཐོག་དྲ་རྒྱའི་བར་ཁམས་གཙང་སེལ་ཡོང་བ་བྱ་ཆེད། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གིས་རྒྱ་ཆེའི་དྲ་མི་ཚོས་དྲ་བའི་ཐོག་གི་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་གོང་ཞུ་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཐེར་འདོན་གོང་ཞུའི་ཁ་པར་ཨང་གྲངས་ནི་12377ཡིན་པ་དང་། ཐེར་འདོན་གོང་ཞུའི་དྲ་ཚུགས་ནི་www.12377.cnཡིན་པ། ཐེར་འདོན་གོང་ཞུའི་སྦྲག་སྒམ་ནི་jubao@12377.cnཡིན། ཐེར་འདོན་གོང་ཞུའི་ལྟེ་གནས་ཀྱི་གཞུང་ཕྱོགས་དྲ་ཚུགས་དང་སྤྱོད་མཁན་ཚོང་ཁང་ཆེན་པོ་ཁག་གི་དྲ་ཚུགས་ཐོག་ནས“དྲ་རྒྱའི་ཐེར་འདོན་གོང་ཞུའི”དུད་སྣེ་དང་སྒུལ་བདེའི་དྲ་སྦྲེལ་ལ་བརྟེན་ནས་དྲ་བའི་ཐོག་གི་གནོད་ཡོད་ཆ་འཕྲིན་ཐེར་འདོན་གོང་ཞུ་བྱས་ན་འགྲིག་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།