འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མོ་ཁེར་གྱིས་ཉེས་གསོག་གི་བྱ་སྤྱོད་ལྡན་པའི་གནོད་འབྱོལ་བར་ཆད་པ་སྔར་བས་ནན་པོ་
    གཅོད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་འཇར་མན་གྱི་ཙུང་ལི་མོ་ཁེར་གྱིས་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། འཇར་མན་དུ་ནག་ཉེས་བསགས་པའི་ཉམ་ཐག་མི་སེར་དང་གནོད་འབྱོལ་དུ་ཡོང་རྒྱུའི་རེ་ཞུ་བྱེད་མཁན་ལ་ཆད་པ་སྔར་བས་ནན་པོ་གཅོད་དགོས་ཞེས་གསུངས་པ་རེད།
         མོ་ཁེར་གྱིས་འགོ་ཁྲིད་གནང་བའི་འཇར་མན་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་ཉིན་དེར་མཐོ་རིམ་གྲོས་ཚོགས་འཚོགས་ཤིང་། ལོ་གསར་རྙིང་བརྗེ་བའི་ཉིན་མོར་འཇར་མན་གྱི་ནུབ་རྒྱུད་གྲོང་ཁྱེར་ཁེ་ལུང་དུ་ཐོན་པའི་གཞི་ཁྱོན་ཆེ་བའི་བཙན་གཡེམ་དང་འཕྲོག་བཅོམ་གྱི་དོན་རྐྱེན་དེ་ཚོགས་འདུའི་གྲོས་གཞི་གཙོ་བོ་ཞིག་ཏུ་གྱུར་ཡོད། ཚོགས་འདུའི་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཇར་མན་དུ་ལག་ལེན་བསྟར་བཞིན་པའི་བཅའ་ཁྲིམས་ལ་བཟོ་བཅོས་སྔར་བས་ཆེན་པོ་བརྒྱབ་ནས་ཁེ་ལུང་གི་གྱོད་གཞི་དང་འདྲ་བའི་རིགས་སླར་ཡང་ཐོན་རྒྱུ་གཏན་འགོག་བྱེད་དགོས་པའི་རེ་བ་བཏོན་ཡོད་པ་རེད།
         ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ཚོགས་འདུའི་གསལ་བསྒྲགས་ནང་ཉེས་གསོག་གི་བྱ་སྤྱོད་ལྡན་པའི་ཕྱི་རྒྱལ་བ་མཐར་སྐྲོད་གཏོང་རྒྱུའི་སྒོ་ཐེམ་དམའ་རུ་གཏོང་དགོས། གལ་ཏེ་འཇར་མན་དུ་ཡོད་པའི་ཉམ་ཐག་མི་སེར་དང་གནོད་འབྱོལ་དུ་ཡོང་རྒྱུའི་རེ་ཞུ་བྱེད་མཁན་གྱིས་ནག་ཉེས་བསགས་པ་དང་འབྲེལ་ཁྲིམས་ཐག་ཀྱང་བཅད་ཚེ་འཇར་མན་དུ་སྡོད་པའི་དབང་ཆ་མེད་པ་བཟོ་དགོས་ལ་མཐར་སྐྲོད་ཀྱང་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། འཇར་མན་དུ་ལག་ལེན་བསྟར་བཞིན་པའི་གཏན་འབེབས་ལྟར་ན་དུས་བཀག་བཙོན་འཇུག་ལོ་གསུམ་ཡན་བྱ་རྒྱུའི་ཁྲིམས་ཐག་བཅད་ན་མ་གཏོགས་གནོད་འབྱོལ་དུ་ཡོང་རྒྱུའི་རེ་ཞུ་བྱེད་མཁན་མཐར་སྐྲོད་གཏོང་གི་མེད་པ་རེད།
         གཞན་ཡང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་སྤྱི་པའི་འདུ་འཛོམས་བྱ་ཡུལ་ལ་བརྙན་ཕབ་ཐོག་ནས་ལྟ་སྐུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྱབ་རྒྱ་སྔར་བས་ཆེ་བའི་ཐོབ་ཐང་ཞིབ་བཤེར་ལམ་སྲོལ་སོགས་ཀྱི་བྱེད་ཐབས་ནང་འདྲེན་བྱས་ནས་སྤྱི་པའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཡང་བྱས་ཡོད་པ་རེད།
         མོ་ཁེར་གྱིས་ཚོགས་འདུའི་ཐོག་ཁེ་ལུང་དུ་ཐོན་པའི་ཉེས་གསོག་དོན་རྐྱེན་རིགས་ལ་ངེས་པར་དུ“ཡ་ལན”མཐའ་གཅིག་ཏུ་སློག་དགོས། འབྲེལ་ཡོད་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་ཉེས་གསོག་པར་ཁྲིམས་གཅོད་ནན་པོ་བྱས་ན། འཇར་མན་གྱི་གྲོང་མིར་ཕན་པ་ཡོད་པ་མ་ཟད། ད་དུང་ཉམ་ཐག་མི་སེར་ཁྲོད་ཀྱི་མི་མང་ཆེ་བའི་ཁེ་ཕན་དང་ཡང་མཐུན་གྱི་ཡོད་ཅེས་གསུངས་པ་རེད།
         ཁེ་ལུང་གི་གྱོད་གཞིར་དམིགས་ཏེ་མོ་ཁེར་གྱིས“སྦ་གསང་གཏན་ནས་བྱེད་མི་རུང”ཞེས་སླར་ཡང་མཐའ་ཚིག་བསྒྲགས་ཤིང་། ཁོང་གིས་བུད་མེད་དང་ཉེན་རྟོག་པར་དམིགས་པའི་འཇབ་རྒོལ་ནི“འཇར་མན་དུ་ཁྲིམས་འགལ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཆད་པ་ནན་པོ་གཅོད་དགོས”ཞེས་ནན་གྱིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།