འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་འབྲུ་རིགས་དང་སྔོ་ཚལ་གཉིས་ཀར་ཐོན་ལེགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཞིང་འབྲོག་ཐིང་གི་གྲངས་གཞི་གསར་ཤོས་ལས་མངོན་པར། 2015ལོར་བོད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ལས་ཐེངས་དང་པོར་བརྒལ་ནས་ཏུན་ཁྲི་101.78ཟིན་པ་དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི་82ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་དེ། བོད་ཀྱི་འབྲུ་རིགས་དང་སྔོ་ཚལ་གཉིས་ཀར་ཐོན་ལེགས་བྱུང་ཡོད་པ་རེད།
         ཐོན་ལེགས་བྱུང་རྗེས། ཞིང་པར་ཐོན་འཕར་འབབ་འཕར་གང་འདྲ་བྱུང་ཡོད་དམ། ཉེ་ཆར་གསར་འགོད་པས“བོད་ཀྱི་འབྲུ་མཛོད”དུ་གྲགས་པའི་གཞིས་རྩེ་ས་ཁུལ་དུ་བརྟག་ཞིབ་དང་བཅར་འདྲིར་བསྐྱོད་པ་ཡིན།
         “འདི་ལོ་བཏབ་པའི་ནས་ཀྱི་ཡོང་འབབ་སྒོར་ཁྲི་18བྱུང”ཞེས་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དཔའ་རྩལ་ཤང་དཀྱིལ་མཁར་གྲོང་ཚོའི་ཟླ་བ་དོན་གྲུབ་ཀྱིས་དགའ་ཚོར་དང་བཅས་གསར་འགོད་པར་བརྗོད་བྱུང་། འདི་ལོ་ཆར་ཆུ་དུས་སུ་བབས་པར་བརྟེན། ཁོང་གིས་ནས་མུའུ་93བཏབ་པར་ཐོན་འབབ་རྒྱ་མ་ཁྲི་བདུན་ལྷག་ཙམ་བྱུང་ཡོད།
         ཟླ་བ་དོན་གྲུབ་ནི་འབྲུ་འདེབས་ཞིང་པའི་མཚོན་བྱེད་ཙམ་ཡིན། པ་སྣམ་རྫོང་དཔའ་རྩལ་ཤང་དཀྱིལ་མཁར་གྲོང་ཚོ་ནི་ནས་རིམ་པ་དང་པོའི་ས་བོན་དཔེ་སྟོན་གྲོང་ཚོ་ཡིན་པ་དང་ལོ་ལེགས་བྱུང་བའི་ནས་ཀྱི་རྒྱ་ཁྱོན་མུའུ་1000ཟིན་པར་བརྟེན་གྲོང་ཚོ་ཡོངས་ཀྱི་འབྲུ་འདེབས་ཞིང་པའི་ཁེ་ཕན་འགན་ལེན་ཐུབ་པ་བྱུང་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 2015ལོར་གཞིས་རྩེ་གྲོང་ཁྱེར་གྱིས“བོད་ནས་ཨང་2000”དང་། “ཧི་མ་ལ་ཡ་ཨང་22”“ལྷོ་ཁའི་དགུན་གྲོ་ཨང་7པ”བཅས་སྣ་ཁ་གསར་པ་གསུམ་བཏབ་པའི་ཐོག་ཞིང་ནང་ཆུ་བེད་གཞི་རྩའི་འཛུགས་སྐྲུན་དང་། འདམ་རྫབ་བཤངས་བ། ཆུ་ཡུར་ཉམས་བཟོ་སོགས་ཀྱི་ལས་དོན་སྤེལ་རྗེས། མུའུ་རེའི་ནས་ཐོན་ཚད་རྒྱ་མ་1100ཟིན་ནས་འབྲུ་རིགས་ལ་ལོ་ལེགས་ཆེན་པོ་བྱུང་ཡོད།
         2015ལོར་བོད་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་255ལྷག་ཙམ་ཟིན་པའི་ནང་། ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་187ལྷག་ཙམ་ཟིན་ཡོད། གཞན་ཡང་མུའུ་རེའི་ཐོན་ཚད་སྤྱི་རྒྱ་26.5ཟིན་ཐུབ་པའི“བོད་ནས་ཨང2000”ཡི་སྣ་ཁ་གསར་པ་ཁྱབ་གདལ་གཏོང་ཚད་མུའུ་ཁྲི་76.9ཟིན་པར་བརྟེན། ནས་ཀྱི་ཐོན་ཚད་བརྟན་པོའི་ངང་འཕར་རྒྱུར་འགན་ལེན་ཐུབ་ཡོད།
         ཞིང་པའི་འབྲུ་འདེབས་དང་ཚལ་འདེབས་ཀྱི་ཧུར་བརྩོན་རང་བཞིན་འཕེལ་ཆེད། ད་ཕན་ལོ་ཤས་རིང་བོད་ཀྱིས་ཞིང་དར་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཅིང། རྒྱལ་རྩེ་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་བསོད་ཕན་གྱིས་གསར་འགོད་པར“སོན་བཟང་ཁ་གསབ་ཐད། སྤུས་ལེགས་ནས་མུའུ་རེར་ཁ་གསབ་སྒོར་15དང་། གྲོ་མུའུ་རེར་ཁ་གསབ་སྒོར་10 པད་ཁ་མུའུ་རེར་ཁ་གསབ་སྒོར་10བཅས་སྤྲོད་ཀྱི་ཡོད་པས། ཞིང་པའི་ཁེ་ཕན་ལ་སྲུང་སྐྱོང་ཐུབ་ཡོད”ཅེས་བརྗོད་བྱུང་། 
      

    ཕྱོགས་བསྡུས་གསར་འགྱུར།