འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འབད་བརྩོན་དེ་མིག་ལྡན་ཀུན་གྱིས་མཐོང་གསལ་ཡིན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ལུའོ་ཅི་ཧྲན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲུང་གོའི་རྣམ་གྲངས་ཀྱི་འགན་འཁུར་བ་འབུམ་རམས་པ་གཡོད་ཧན·ཁེ་ལའེ་ཐེ་སིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས“ཀྲུའུ་ཞི་ཞིས་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་གི་ཕ་རི་སིའི་ཚོགས་ཆེན་ཐོག་བཏོན་པའི་ཕ་རི་སིའི་གྲོས་མཐུན་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བའི་བཞེད་དོན་དོན་ཚན་བཞིར་རིན་ཐང་ཧ་ཅང་ཆེན་པོ་ལྡན་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཀྲུང་གོའི་འབད་བརྩོན་དེ་མིག་ལྡན་ཀུན་གྱིས་མཐོང་གསལ་ཡིན་པ། བཞེད་དོན་དོན་ཚན་བཞིས་རྒྱལ་སྤྱིའི་ཐོག་གི་ཀྲུང་གོའི་འགན་འཁྲི་ཁུར་ཕོད་པ་མཚོན་པ་བཅས་རེད”ཅེས་གསུངས་པ་རེད། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྫས་འགྱུར་དང་རྡོ་སྣུམ་ནུས་རྒྱུས་ཐེངས་གཅིག་རང་བཞིན་གྱི་ནུས་རྒྱུའི་འཛད་སྤྱོད་ནང་བཟུང་བའི་བསྡུར་གྲངས་ཉུང་དུ་ཧུར་ཐག་གཏོང་ཆེད་ཀྲུང་གོའི་འབད་བརྩོན་ལ་ཁེ་ལའེ་ཐེ་སིས་ཚད་མཐོའི་གདེང་འཇོག་གནང་ནས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་འབད་བརྩོན་ནི་ཧ་ཅང་ཡང་དག་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་པ་དེས་ཚན་རིག་ལ་བརྩི་འཇོག་བྱེད་པའི་ཀྲུང་གོ་སྲིད་གཞུང་གི་སྙིང་སྟོབས་དང་འགན་འཁྲི་འཁུར་ཕོད་པའི་འདུ་ཤེས་མཚོན་པའི་ངོས་འཛིན་གནང་བ་རེད།
         ད་ཕན་ལོ་ཤས་རིང་ལུའོ་ཅི་ཧྲན་ཞིབ་འཇུག་སུའོ་ཡིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཐད་ཀྱི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བ་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་བས་དམ་ཟབ་ཏུ་བཏང་ཞིང་། ཁེ་ལའེ་ཐེ་སི་རང་ཉིད་ཀྱང་གཟའ་འཁོར་ཁ་ཤས་སོང་རྗེས་ཀྲུང་གོར་ཐེངས་རེ་བསྐྱོད་ཀྱི་ཡོད། 2013ལོའི་ཟླ་6པར་ཞིབ་འཇུག་སུའོ་དང་ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནུས་རྒྱུ་ཞིབ་འཇུག་སུའོ་དབར་འབྲེལ་ཡོད་རྣམ་གྲངས་མཉམ་ལས་བྱས་པ་དང་དེང་སྐབས་ཞིབ་འཇུག་སུའོ་ཡིས་ད་དུང་པེ་ཅིང་དུ་ཆེད་མངགས་དོན་གཅོད་ཁྲུའུ་བཙུགས་ཡོད། མིག་སྔར་པེ་ཅིང་དང་ཏན་ཧྥོ་ས་གནས་གཉིས་སུ་ཀྲུང་གོ་དང་གནམ་གཤིས་འགྱུར་ལྡོག་གི་འབྲེལ་ཡོད་རྣམ་གྲངས་ལ་ཆེད་མངགས་ཞིབ་འཇུག་བྱེད་མཁན་ཆེད་ལས་མི་སྣ་22ཡོད་པ་རེད།
         ཁེ་ལའེ་ཐེ་སིས་2050ལོར་སླེབས་སྐབས་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ཧ་ཅང་ཆེན་པོ་འཕར་སྲིད་པས་འཛམ་གླིང་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས་ཀྲུང་གོའི་ནུས་རྒྱུའི་འཛད་སྤྱོད་བསྡོམས་འབོར་ཡང་མཐོ་གནས་སུ་གནས་རྒྱུ་ཡིན་པ་དེ་འབྲེལ་ཡོད་ཞིབ་འཇུག་ཐོག་ནས་གསལ་པོ་མངོན་ཡོད། གནས་ཚུལ་དེ་རིགས་འོག་རྡོ་སྣུམ་དང་རྡོ་སོལ་ལ་བརྟེན་དྲགས་ཚེ་ཐཱན་འབུད་ཚད་དེ་བས་མང་དུ་འགྲོ་རྒྱུ་མ་ཟད་ཉེན་ཁ་ཡོད་པ་ཞིག་ཀྱང་རེད། གང་ལགས་ཤེ་ན། རྡོ་སྣུམ་དང་རྡོ་སོལ་ཐོན་ཁུངས་མཐར་ཐུག་ཉམས་སྲིད་པར་བརྟེན་སྐབས་དེ་དུས་རྡོ་སྣུམ་རྫས་འགྱུར་མིན་པའི་ཐོན་ཁུངས་འཕེལ་རྒྱས་བཏང་ཚེ་ཕྱི་དྲགས་པས་ཡིན། ཀྲུང་གོས་ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རླུང་ནུས་སོགས་དྭངས་གཙང་ནུས་རྒྱུ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱེད་པར་བརྟེན་རླབས་རྒྱུན་ལ་སྣེ་ཁྲིད་བྱེད་ཐུབ་ཅེས་གསུངས་པ་རེད།
         ཁེ་ལའེ་ཐེ་སིས་ཀྲུང་གོས་སྣོད་བཅུད་ཤེས་དཔལ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཞག་པར“ཧ་ཅང་དགའ་པོ”གནང་ཞིང་། ཁོང་གིས“‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་ཕྱོགས་བསྡུས་རང་བཞིན་གྱི་ཇུས་གཞི་བཏོན་ཡོད། འཆར་འགོད་ནང་བཏོན་པའི་སྣོད་བཅུད་ཁོར་ཡུག་གི་སྤུས་ཀའི་སྤྱི་འབོར་ལེགས་སུ་དང་། ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གནོད་མེད་དང་ཐཱན་ཉུང་གི་ཆུ་ཚད་མཐོ་རུ་གཏོང་བ། ཐཱན་འབུད་ཚད་བསྡོམས་འབོར་ནུས་ལྡན་ངང་ཚོད་འཛིན་ཐུབ་པ་སོགས་ཀྱི་དམིགས་ཚད་དང་ང་ཚོའི་ཞིབ་འཇུག་གྲུབ་འབྲས་དང་ཁ་གཏད་གཅོག་པའི་བསམ་ཕྱོགས་མ་གྲོས་གཅིག་མཐུན་བྱུང་ཡོད”ཅེས་གསུངས་པ་རེད།
         ཁེ་ལའེ་ཐེ་སིས“ཡུན་རིང་ཞིབ་འཇུག་དང་བརྟག་དཔྱད་བྱས་པ་བརྒྱུད་ངས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་ཆོད་སེམས་དང་ནུས་པ་མཐོང་བྱུང”ཞེས་གསུངས་པ་རེད། ཁོང་གིས་2016ལོའི་ཟླ་དང་པོར་ལུའོ་ཅི་ཧྲན་ཞིབ་འཇུག་སུའོ་ཡིས་ཀྲུང་གོ་ཕྱོགས་ཀྱི་རོགས་ཟླ་དང་མཉམ་དུ་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་ཚུལ་དང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འཕེལ་རྒྱས་ཀྱི་འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་ཁྱབ་བསྒྲགས་བྱས་པས་མི་རྣམས་ཀྱིས་ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དུས་བབ་དང་ཀྲུང་གོའི་འབད་བརྩོན་ལ་དེ་བས་ཟབ་པའི་ངོས་འཛིན་བྱུང་ཡོད་ཅེས་གསུངས།
         ཁེ་ལའེ་ཐེ་སིས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་འབྱུང་འགྱུར་ལ་གདེང་ཚོད་ཀྱིས་ཁེངས་ཤིང་། ནུས་རྒྱུ་གསར་པས་འབྱུང་འགྱུར་རིན་གོང་དང་ཕན་འབྲས་ཐད་རྡོ་སྣུམ་རྫས་འགྱུར་ནུས་རྒྱུ་དང་འགྲན་རྩོད་ཐུབ་པའི་ངོས་འཛིན་གནང་གི་ཡོད། ཁོང་གིས“ཉི་འོད་ནུས་པ་དང་རླུང་ནུས་སོགས་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཁྱབ་ཁོངས་མང་པོའི་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་བེད་སྤྱོད་ཐད་ཀྲུང་གོ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ཐད་ཨ་ཀྲུང་རྒྱལ་ཁབ་གཉིས་ལ་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།