འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།དབང་དབྱང་གིས་གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་
    གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་27ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། གྲོང་གསེབ་སྒྱུར་བཅོས་ཚོད་ལྟ་ཁུལ་གྱི་ལས་དོན་སྤེལ་རེས་སྙན་ཞུའི་ཚོགས་འདུ་དེ་ཚེས་24ཉིན་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་གིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་གྲོང་གསེབ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཀྲུང་དབྱང་གི་སྤྱིའི་འཆར་འགོད་ལ་དམིགས་པ་དང་གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟ་སྔར་བས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་བཏང་ཐོག་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟ་ཁུལ་གྱི་དཔེ་སྟོན་དང་། ཚད་བརྒལ། སྣེ་ཁྲིད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་གྲོང་གསེབ་སྒྱུར་བཅོས་ཀྱི་བྱེད་ཐབས་ཁག་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         དབང་དབྱང་གིས་ཉེ་བའི་ལོ་ཤས་རིང་གི་གྲོང་གསེབ་སྒྱུར་བཅོས་ཀྱི་ཚོད་ལྟ་ཁུལ་གྱི་ལས་དོན་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གྲོང་གསེབ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ལ་ཁ་ཚ་དགོས་གཏུགས་ཡིན་པས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཛུབ་ཁྲིད་དུ་བྱས་ནས་གནད་དོན་སྟོན་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། མངོན་གསལ་དོད་པའི་འགལ་བར་དོ་སྣང་། ཚོད་ལྟའི་བརྗོད་དོན་གསལ་བཟོ། སྒྲིག་སྲོལ་གྱི་ཚད་བརྒལ་ས་དོན་གཉེར། བསྐྱར་བཟོ་དང་ཁྱབ་གདལ་གཏོང་རུང་བའི་ཉམས་མྱོང་གསོག་འཇོག་བཅས་བྱས་ཏེ་སྤྱི་ཡོངས་ཀྱི་སྒྱུར་བཅོས་ཆེད་ལམ་བུ་འཚོལ་ཞིབ་བྱེད་དགོས། སྒྱུར་བཅོས་ཀྱི་ཐོན་ཁུངས་བཀོད་སྒྲིག་བཟང་སྒྲིག་དང་། ཚོད་ལྟ་གནད་སྨིན། དོ་དམ་ཞིབ་ཚགས་བཅས་བྱས་ནས་སྒྱུར་བཅོས་ཀྱི་ཚོད་ལྟར་ཕན་འབྲས་ཐོན་པ་བྱེད་དགོས། ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་ལག་ལེན་ལ་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་། སྒྲུབ་སྟངས་ཡག་པོ་ཁྱབ་གདལ་གཏོང་བ། གནད་སྨིན་འཐུས་ཚང་གི་ཉམས་མྱོང་ཉིད་དུས་ཐོག་ཏུ་སྲིད་ཇུས་སུ་སྒྱུར་བ། ཁྱོན་ཡོངས་ཀྱི་ལམ་ལུགས་གསར་གཏོད་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
         དབང་དབྱང་གིས་ཚོད་ལྟ་ཁུལ་གྱི་ཚོད་ལྟའི་ལས་དོན་དེ་གྲོང་གསེབ་སྒྱུར་བཅོས་ཀྱི་འཕེལ་རིམ་དང་ཐད་ཀར་འབྲེལ་བ་ཡོད་པས་ལས་འགན་ཧ་ཅང་ལྕི། དེས་ན། སྡེ་ཚན་དང་ས་གནས་ཀྱི་སྒྱུར་བཅོས་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་། ལས་ཀའི་ལམ་སྲོལ་འཐུས་ཚང་། དཔྱད་ཞིབ་དང་དཔྱད་དཔོག་གི་ལམ་སྲོལ་དང་ཕྱིར་འཐེན་ལམ་སྲོལ་འཐུས་ཚང་བཅས་ཡོང་བ་བྱེད་དགོས། སྒྱུར་བཅོས་ཚོད་ལྟར་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་དང་ཞིང་པ་མང་ཚོགས་ལ་གསར་གཏོད་འཚོལ་ཞིབ་བྱ་རྒྱུར་སྐུལ་མ་གཏོང་བ་དང་སྒྱུར་བཅོས་ཀྱི་ཁོར་ཡུག་བཟང་པོ་བཏོད་ནས་སྒྱུར་བཅོས་ངོ་མ་དང་། ཚོད་ལྟ་ངོ་མ། ཕན་འབྲས་ཐོན་པ་བཅས་ཏན་ཏིག་ངང་སྒྲུབ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།