འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་རབས་ཀྱི་རི་མོ་མཁས་པ་15ཡི་བརྩམས་ཆོས་འགྲེམས་སྟོན་མི་དམངས་ཀྱི་ཡིད་གསོས་སུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་21ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་18ཉིན་གྱི་སྔ་དྲོ་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་མཛེས་རྩལ་མཐུན་ཚོགས། ཀྲུང་གོ་མཛེས་རྩལ་ཁང་བཅས་ཀྱིས་མཉམ་དུ་གཉེར་བའི“མི་དམངས་ལ་གཟིགས་འབུལ་ཞུ——‘འཚོ་བར་ཟབ་ཞུགས་དང་མི་དམངས་ཁྲོད་རྩ་བ་བརྟན་ཚུགས’ཀྱི་དེང་རབས་ཀྱི་རི་མོ་མཁས་པ་15ཡི་བརྩམས་ཆོས་འགྲེམས་སྟོན”ཉིད་ཁང་དེར་བྱེད་འགོ་ཚུགས་ཤིང་། ཟླ་10ཚེས་30ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། འགྲེམས་སྟོན་ནང་ལི་ཧོན་མིང་དང་། ཀྲན་ཅན་ཅུན། ལིའུ་ཝུན་ཤིས། ཞུས་ཁོང་། ལིའུ་ཏ་ཝུའེ། ཧན་ཧྲུའུ་ལི་སོགས་དུས་ཡུན་རིང་པོའི་ནང་གཞི་རིམ་དུ་རྩ་བ་བརྟན་ཚུགས་དང་འཚོ་བའི་ནང་ཟབ་ཞུགས་བྱེད་མཁན་རི་མོ་མཁས་པ་15ཡི་མཚོན་བྱེད་བརྩམས་ཆོས་75དང་དེ་བཞིན་མི་སྒེར་གྱི་གཟུགས་དངོས་མྱུར་བྲིས་རི་མོ་དང་། གསར་རྩོམ་གླེང་མོལ། རིགས་གཅིག་མཁས་ཅན་གྱི་དཔྱད་གཏམ་སོགས་བཤམས་ཡོད་པ་མ་ཟད། ཆེད་དམིགས་ཞིབ་བསྡུར་ཚོགས་འདུ་ཡང་དུས་གཅིག་ཏུ་འཚོག་རྒྱུ་ཡིན་པ་རེད།
         “རིག་རྩལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ”འཚོགས་རྗེས། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱིས་རི་མོ་མཁས་པ་དམིགས་སུ་གདན་དྲངས་ནས་རྟ་དབྱངས་གཙོ་བོའི་བརྩམས་ཆོས་གསར་རྩོམ་དང་། རིགས་གཅིག་མཁས་ཅན་གྱི་མཛུབ་སྟོན་སྒྲིག་འཛུགས། གསར་རྩོམ་གསོ་སྦྱོང་འཛིན་གྲྭ་གཉེར་བ། རི་མོ་མཁས་པ་གཞི་རིམ་དུ་གཟུགས་དངོས་འབྲི་རྒྱུར་བསྐྱོད་རྒྱུའི་སྣེ་ཁྲིད་པ། རི་མོའི་བརྩམས་ཆོས་འགྲེམས་སྟོན་གཉེར་བ། རི་མོར་བརྟེན་ནས་སློབ་གསོར་རྒྱབ་སྐྱོར་དང་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་སོགས་ཆེད་དམིགས་བྱེད་སྒོ་བརྒྱ་གྲངས་སྤེལ་བ་བརྒྱུད། རི་མོ་མཁས་པས་མི་དམངས་ཀྱི་བསམ་ཚུལ་མཚོན་པར་བྱེད་པ་དང་མི་དམངས་ཀྱི་བརྩེ་བ་མཚོན་པའི་སྒྱུ་རྩལ་གྱི་འགན་འཁྲི་རང་འགུལ་ངང་འཁུར་བར་སྣེ་ཁྲིད་ཧུར་ཐག་བྱེད་ཀྱི་ཡོད་པ་རེད། ཡུན་རིང་གཞི་རིམ་དུ་ཟབ་ཞུགས་དང་། དམངས་འཚོར་བརྩེ་བ་ཟབ་མོ་བཅངས་པ། མི་དམངས་ལ་གཟུགས་བརྙན་བཏོད་པ་མ་ཟད། སྒྱུ་རྩལ་ཐད་གྲུབ་འབྲས་ཐོབ་པའི་དེང་རབས་ཀྱི་རི་མོ་མཁས་པའི་དཔེ་མཚོན་ཁག་གཅིག་ལ་གཟེངས་བསྟོད་བྱ་ཆེད། ཀྲུང་གོ་མཛེས་རྩལ་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་དབང་གི་དཔང་བདེན་ར་སྤྲོད་ཚོགས་འདུ་འཚོགས་པ་བརྒྱུད་རྒན་དར་གཞོན་གསུམ་གྱི་རི་མོ་མཁས་པ་15གཏན་འཁེལ་བྱས་ཤིང་། ཁོང་ཚོའི་ཁྲོད་དུས་རབས་20པའི་ལོ་རབས་ལྔ་བཅུ་དང་དྲུག་ཅུའི་ནང་ཀྲུང་གོ་མི་དམངས་ཀྱི་གཟུགས་བརྙན་གསར་པ་གཏོད་མཁན་གྱི་ཁྱད་དུ་འཕགས་པའི་འཐུས་མི་དང་། དུས་རབས་20པའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་མི་རིགས་ཀྱི་གཟུགས་བརྙན་མཚོན་པར་བྱེད་མཁན་དུས་རབས་ཀྱི་གདོང་ལེན་པ་ཡོད་ལ། ད་དུང་དུས་རབས་གསར་པར་དམངས་འཚོའི་གཟུགས་བརྙན་མཚོན་པར་བྱེད་མཁན་ཕུལ་དུ་བྱུང་བའང་ཡོད་པ་རེད། ཁོང་ཚོས་ཐག་རིང་ལུང་ཁུག་གི་ཤང་གྲོང་དང་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་འདུས་སྡོད་ཁུལ་དུ་བསྐྱོད་དེ་གཟུགས་དངོས་འབྲི་བའམ་ཡང་ན་དུས་དང་རྣམ་པ་ཀུན་ཏུ་ཉེ་འགྲམ་གྱི་འཚོ་བར་བརྟག་ཞིབ་བྱས་ནས་གསར་རྩོམ་གྱི་རྒྱུ་ཆ་བསྡུ་རུབ་ཀྱིས་དེ་བས་གཏིང་ཟབ་ཅིང་རྒྱ་ཆེ་བའི་ལོ་རྒྱུས་དང་། ཁོར་ཡུག དམངས་སྲོལ། མཚན་ཉིད་རིག་པ་བཅས་ཀྱི་ཐད་ནས་ཀྲུང་གོ་གསར་པའི་མི་དམངས་ཚོའི་དེ་བས་གཏིང་ཟབ་པའི་བསམ་པའི་བསྟན་དོན་སྔོག་འདོན་ཐུབ་པ་བྱེད་ཀྱི་ཡོད་པས། ཁོང་ཚོའི་བརྩམས་ཆོས་ཀྱིས་ཀྲུང་གོའི་སྒྱུ་རྩལ་འཕེལ་རྒྱས་ལ་ཁྱད་དུ་འཕགས་པའི་འཚོལ་ཞིབ་ཀྱང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།