འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་མོ་འབྲུག་པའི་ངོ་སྤྲོད་མདོར་བསྡུས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་19ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་མོ་འབྲུག་པའི་ངོ་སྤྲོད་མདོར་བསྡུས།
         སྤྱི་ལོ་༡༩༥༧ལོའི་ཟླ་༥པའི་ཚེས་༡ཉིན་ཀན་སུའུ་ཞིང་ཆེན་བསང་ཆུ་རྫོང་རྔོག་རྒྱལ་མོ་དགོན་ཞང་དུ་སྐུ་འཁྲུངས་ཤིང་ཞིབ་འཇུག་སློབ་མའི་ཡོན་གནས་པ་ཡིན།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཁོངས་གཏོགས་ལས་ཁུངས་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དུ་ཕྱག་ལས་གནང་མུས་ཡོད།  ཞུས་ཆེན་པའི་ལས་གནས་དང་དཔེ་སྐྲུན་ཁང་གི་འགན་འཛིན་པ་བཅས་ཀྱི་འགན་བཞེས་ཁར།  ཀྲུང་གོའི་དཔེ་སྐྲུན་མཐུན་ཚོགས་མི་རིགས་དཔེ་སྐྲུན་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་སྐུ་གཞོན་དང་།མཚོ་སྔོན་མི་རིགས་སློབ་གྲྭ་ཆེ་མོའི་ཞིབ་འཇུག་སློབ་མའི་ཁྲིད་སྟོན་པ་དང་།ཀྲུང་གོའི་བོད་བརྒྱུད་ནང་བསྟན་མཐོ་རིམ་སློབ་གླིང་གི་གདན་ཞུས་ཞིབ་འཇུག་པ།ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྤེལ་མཐུན་ཚོགས་ཀྱི་ཁོངས་མི་བཅས་ཀྱི་འགན་གཅིག་ལྕོག་ཏུ་བཞེས་བཞིན་ཡོད།  
         རིག་གཞུང་བྱེད་སྒོ།
         ༡༩༩༧ནས་པེ་ཅིན་བོད་རིག་པའི་གྲོས་ཚོགས་ལ་སྔ་ཕྱིར་ཐེངས་བཞི་ཞུགས།
         ༡༩༩༨ལོར་ཨ་རིའི་དབྱིན་ཏི་ཨན་ན་སློབ་གྲྭ་ཆེན་མོར་གཉེར་བའི་སྐབས་བརྒྱད་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཁར།  ཚོགས་འདུའི་ཐོག་རང་ཉིད་ཀྱི་དཔྱད་རྩོམ་ཡང་སྒྲོག་སྦྱང་གནང་།
         ༡༩༩༩ལོར་གསར་འགྱུར་དཔེ་སྐྲུན་ཧྲུའུ་ཡི་གཉེར་བའི་དུས་ཡུན་ཟླ་ངོ་གཅིག་རིང་གི་ཐེངས་༡༦པའི་རྒྱལ་ཡོངས་དཔེ་སྐྲུན་ཁང་གི་འགོ་འཛིན་དང་སྤྱི་ཁྱབ་རྩོམ་སྒྲིག་པའི་ལས་ཐོག་གསོ་སྦྱོང་འཛིན་གྲྭར་ཞུགས་ཁར།  གསོ་སྦྱོང་བྱེད་རིང་དུ་རྒྱུག་ལེན་བྱས་རྗེས་ལས་ཐོག་གསོ་སྦྱོང་ཚད་ལོན་གྱི་དཔང་ཡིག་ཀྱང་སྤྲད་པ་རེད།  ༢༠༠༠ལོར་ཧོ་ལན་གྱི་ལའེ་ཏུན་དུ་གཉེར་བའི་སྐབས་དགུ་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཁར།  གྲོས་ཚོགས་ལ་རང་ཉིད་ཀྱི་དཔྱད་རྩོམ་ཀྱང་གསུང་ཕུལ་ཞུས།
         ༢༠༠༡ལོ་ནས་ད་ལྟའི་བར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གི་འགོ་འཛིན་པའི་འགན་བཞེས་པ་དང་།  ལོ་དེ་རང་ལ་ད་དུང་ཨ་རིའི་ཀྲེ་ཅ་ཀ་རུ་གཉེར་བའི་རྒྱལ་སྤྱིའི་དཔེ་དེབ་བཤམས་སྟོན་ཚོགས་འདུར་ཞུགས་ཁར།  རྒྱལ་ཕྱིའི་ལས་རིགས་གཅིག་པར་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་གྱི་གནས་ཚུལ་དྲིལ་བསྒྲགས་བྱས་པ་དང་དུས་མཚུངས་སུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་ཀྱང་སྟོན་པས།  ཕྱི་ཕྱོགས་ཀྱི་རིག་གཞུང་སྤེལ་རེས་ཐད་ལ་བྱེད་ནུས་ཤུགས་ཕན་ཙམ་ཐོན་ཡོད།  ༢༠༠༡ལོའི་ཟླ་༩པ་ནས་༢༠༠༤ལོའི་ཟླ་༤པའི་བར་ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་སློབ་ཆེན་གྱི་རྒྱལ་སྤྱིའི་བཟོ་ཚོང་སློབ་གླིང་དུ་ཁེ་ལས་དོ་དམ་ཆེད་ལས་ཀྱི་བཟོ་ཚོང་དོ་དམ་ཞིབ་འཇུག་སློབ་མའི་འཛིན་གྲྭར་སློབ་སྦྱོང་གནང་།  ༢༠༠༣ལོར་པེ་ཅིན་དུ་གཉེར་བའི་སྐབས་བདུན་པའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་ལོ་རྒྱུས་ཏེ་བོད་རིགས་ཚན་རྩལ་ལོ་རྒྱུས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་ཁར།  ཚོགས་ཆེན་ལ་དཔྱད་རྩོམ་ཀྱང་ཕུལ་བ་མ་ཟད་དེ་སྔོན་རྒྱལ་ནང་དུ་སྔ་རྗེས་སུ་པེ་ཅིན་བོད་རིག་པའི་བགྲོ་གླེང་ཚོགས་འདུར་ཐེངས་༣ཞུགས་པ་རེད།
         ༢༠༠༤ལོའི་ཟླ་༢པ་ནས་༢༠༠༤ལོའི་ཟླ་༤པའི་བར་ཨོ་སི་ཁྲུ་ལི་ཡའི་ཞི་ཉིང་ཚན་རྩལ་སློབ་ཆེན་དུ་དུས་ཐུང་ཟླ་ངོ་གསུམ་གྱི་དབྱིན་ཡིག་གསོ་སྦྱོང་གནང་།
         ༢༠༠༤ལོའི་ཟླ་༧པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་ལས་སྒོའི་མི་སྣས་འགྲན་རྩོད་གདན་ཞུ་བྱས་ཏེ་ལས་གནས་སུ་འཁོད་པའི་བྱེད་ཐབས་ལག་བསྟར་བྱེད་རིང་ཞུས་ཆེན་པའི་གོ་མིང་འཐོབ་པ་རེད།
         ༢༠༠༦ལོར་འཇར་མན་རྒྱལ་ཁབ་ཀྱི་གྲོང་ཁྱེར་པའོ་ཨིན་དུ་གཉེར་བའི་སྐབས་ཅུ་གཅིག་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཁར།  གྲོས་ཚོགས་ལ་རང་ཉིད་ཀྱི་དཔྱད་རྩོམ་ཀྱང་གསུང་ཕུལ་ཞུས། ༢༠༡༠ལོར་ཁ་ན་ཏ་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཝོན་ཁའོ་ཝར་གཉེར་བའི་སྐབས་བཅུ་གཉིས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཁར།  གྲོས་ཚོགས་ལ་རང་ཉིད་ཀྱི་དཔྱད་རྩོམ་ཀྱང་གསུང་ཕུལ་ཞུས།
         རིག་གཞུང་དཔྱད་རྩོམ།
         གཅིག དཔྱད་རྩོམ་གཙོ་བོ།
         ༡. བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་འཁྲུངས་ཡུལ་སྐོར་ལ་དཔྱད་པ།  བོད་ལྗོངས་ཞིབ་འཇུག་བོད་ཡིག་དཔར་མ་གི་༡༩༨༥ལོའི་དུས་དེབ་༡པོའི་ཐོག་འཁོད།
         ༢. གྲི་གུམ་བཙན་པོའི་ཡབ་སྲས་ཀྱི་ལོ་རྒྱུས་ལ་དཔྱད་པ།  བོད་ལྗོངས་ཞིབ་འཇུག་བོད་ཡིག་དཔར་མ་གི་༡༩༨༥ལོའི་དུས་དེབ་༤པའི་ཐོག་འཁོད།
         ༣. གླིང་གེ་སར་དང་སྒྲུང་གེ་སར།  བོད་ལྗོངས་ཞིབ་འཇུག་བོད་ཡིག་དཔར་མ་གི་༡༩༨༦ལོའི་དུས་དེབ་༢པའི་ཐོག་འཁོད་པ་དང་།  རྩོམ་ཡིག་འདི་ཕྱིས་སུ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་༡༩༩༦ལོའི་ཟླ་༥པར་པར་དུ་བསྐྲུན་པའི་གླིང་རྗེ་གེ་སར་རྒྱལ་པོའི་དཔྱད་རྩོམ་ཕྱོགས་བསྡུས་བོད་ཡིག་ནང་སྡུད་ཡོད། ཤོག་ངོས་༣༨༣  ༢༣༩༩བར་གསལ།
         ༤. བྱམས་པ་འབུམ་གླིང་གི་མཐོང་ཐོས།  སྦྲང་ཆར་བོད་ཡིག་དཔར་མ་ཡི་༡༩༨༥ལོའི་དུས་དེབ་༤པའི་ཐོག་འཁོད།
         ༥. རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་སྐོར་ལ་དཔྱད་པ།  བོད་ལྗོངས་ཞིབ་འཇུག་བོད་ཡིག་དཔར་མ་གི་༡༩༨༧ལོའི་དུས་དེབ་༤པའི་ཐོག་འཁོད་པ་དང་། རྩོམ་ཡིག་འདི་ཕྱིས་སུ་མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༠ལོའི་ཟླ་༣པར་པར་དུ་བསྐྲུན་པའི་བོད་ཀྱི་ཤེས་རིག་ཞིབ་འཇུག་དཔྱད་རྩོམ་ཕྱོགས་བསྡུས་དང་པོ་ཀྱི་ནང་སྡུད་ཡོད།  ཤོག་ངོས་༣༦༠  ༢༣༨༦བར་གསལ།
         ༦. ས་སྐྱ་བའི་ལོ་རྒྱུས་སྐོར་ལ་དཔྱད་པ།  མཚོ་སྔོན་སློབ་གསོ་བོད་ཡིག་དཔར་མ་ཡི་༡༩༩༢ལོའི་དུས་དེབ་༢པའི་ཐོག་འཁོད།
         ༧. བོད་ཡིག་གི་བཀའ་བསྟན་འགྱུར་གྱི་པར་གཞི་དང་བསྟན་འགྱུར་གྱི་དཔེ་བསྡུར་མའི་སྐོར་ལ་དཔྱད་པ།  ཀྲུང་གོའི་བོད་རིག་པ་བོད་ཡིག་དཔར་མ་ཡི་༡༩༩༨ལོའི་དུས་དེབ་༡པོའི་ཐོག་འཁོད།
         ༨. བོད་ཡིག་གི་བཀའ་བསྟན་འགྱུར་གྱི་ཞིབ་བསྡུར་ཞུ་དག་དཔེ་སྐྲུན་ལས་ཀའི་གནས་ཚུལ་རགས་བསྡུས།  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ གི་༢༠༠༠ལོའི་དུས་དེབ་༡པོའི་ཐོག་འཁོད་པ་དང་།  ཕྱིས་སུ་རྩོམ་ཡིག་འདི་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་ནས་༢༠༠༤ལོའི་ཟླ་༩པར་པར་དུ་བསྐྲུན་པའི་བོད་རིག་པའི་སྔོན་གྲས་གནད་དོན་ཞིབ་འཇུག་དཔེ་ཚོགས་ནང་བཏུས་ཡོད།
          ༩. ལི་ཡུལ་ཞེས་པའི་ཡུལ་མིང་ལས་འཕྲོས་པའི་གཏམ།  བོད་ལྗོངས་ཞིབ་འཇུག་བོད་ཡིག་དཔར་མ་གི་༢༠༠༤ལོའི་དུས་དེབ་༡པོའི་ཐོག་འཁོད།
         ༡༠. གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་སྐོར་ལ་དཔྱད་པ།  བོད་ལྗོངས་སློབ་གྲྭ་ཆེ་མོའི་རིག་གཞུང་དུས་དེབ་བོད་ཡིག་དཔར་མ་ཀྱི་༢༠༠༣ལོའི་དུས་དེབ་༢པའི་ཐོག་འཁོད།
          ༡༡.བོད་ཀྱི་བཀའ་བསྟན་འབྲི་བཤུ་དང་པར་འདེབས་ཀྱི་ཤོག་བུ་བཟོ་བའི་ལག་རྩལ་སྐོར་ལ་དཔྱད་པ།བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་བོད་ཡིག་དེབ་དང་པོར་འཁོད།རྩོམ་ཡིག་འདི་༢༠༡༠ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ལས་བོད་ཡིག་དཔྱད་རྩོམ་གྱི་བྱ་དགའ་ཨང་གཉིས་པ་ཐོབ།
         གཉིས། ཆེད་རྩོམ་དཔེ་དེབ།
         ༡. བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།བོད་ཡིག།  དཔར་གཞི་དང་པོ།  དེབ་ཚད་༣༢ ཤོག་གྲངས་༤༧༠ པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་༡༩༩༥ལོའི་ཟླ་༡༠པར་དཔར་དུ་བསྐྲུན།  དེབ་འདི་ལ་༡༩༩༦ལོར་སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་ཁང་གི་གྲུབ་འབྲས་ཕུལ་བྱུང་གི་བྱ་དགའ་དང་།  ༡༩༩༧ལོར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་བོད་ཡིག་ཕུལ་བྱུང་དཔེ་དེབ་ཀྱི་བྱ་དགའ་ཨང་གསུམ་པ་འཐོབ་པ་རེད།   ༢. བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།བོད་ཡིག དཔར་གཞི་གཉིས་པ།  དེབ་ཚད་༣༢ ཤོག་གྲངས་༤༨༩ པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་༢༠༠༤ལོའི་ཟླ་༣པར་དཔར་དུ་བསྐྲུན།  དེབ་འདི་དཔེ་བསྐྲུན་བྱས་རྗེས་རྒྱ་ཆེའི་ཀློག་པ་པོའི་དགའ་བསུ་ཐོབ་པ་མ་ཟད།  སྔ་རྗེས་སུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེ་མོ་དང་།  ལྷོ་ནུབ་མི་རིགས་སློབ་གྲྭ་ཆེ་མོ།  མཚོ་སྔོན་མི་རིགས་སློབ་གྲྭ་ཆེ་མོ།མཚོ་སྔོན་དགེ་འོས་སློབ་གྲྭ་ཆེ་མོ་ལ་སོགས་པའི་མི་རིགས་སློབ་གླིང་གི་ལོ་རྒྱུས་ཀྱི་སློབ་དེབ་དང་ཞིབ་འཇུག་སློབ་མའི་རྒྱུགས་ལེན་གྱི་དཔྱད་གཞིའི་དཔེ་དེབ་དུ་སྤྱད་ཡོད། དཔེ་དེབ་འདི་༢༠༠༦ལོར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཇོ་མོ་གླང་མའི་བྱ་དགའ་ལས་བོད་ཡིག་དཔེ་དེབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། ༼ ཡོང་ཁུངས།  ཀྲུང་གོའི་བོད་རིག་པའི་དྲ་བ། ༽
      

    ཕྱོགས་བསྡུས་གསར་འགྱུར།