འཚོལ་བཤེར།   
藏文频道
2015ལོའི་ཟླ་10ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།《རྒྱུན་འཛིན་དང་སྲུང་སྐྱོང་》ཞེས་པའི་རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་
    པེ་ཅིང་དུ་སྤེལ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་16ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།《རྒྱུན་འཛིན་དང་སྲུང་སྐྱོང་》ཞེས་པའི་རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་
པེ་ཅིང་དུ་སྤེལ་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་15ཉིན་《རྒྱུན་འཛིན་དང་སྲུང་སྐྱོང་》ཞེས་པའི་རེབ་གོང་སྒྱུ་རྩལ་འགྲེམས་སྟོན་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་798སྒྱུ་རྩལ་ཁུལ་ཀུའོ་མོ་སྒྱུ་རྩལ་ཁམས་སུ་འགྲེམས་སྟོན་བྱེད་འགོ་བརྩམས་པ་རེད། ཐེངས་འདིའི་འགྲེམས་སྟོན་ནི་ཀྲུང་གོའི་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་རིག་གནས་ཤུལ་བཞག་འཕེལ་རྒྱས་ཐེབས་རྩ་དང་པེ་ཅིང་དངོས་མིན་རིག་གནས་ཤུལ་བཞག་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཏེ་སྤེལ་བ་ཡིན་ཞིང་། རེབ་གོང་སྒྱུ་རྩལ་ཁྲོད་ཀྱི་མཚོན་བྱེད་ཀྱི་རང་བཞིན་ལྡན་པའི་ཐང་ག་སྒྱུ་རྩལ་འགྲེམས་སྟོན་བྱས་པ་རེད། ཀྲུང་གོའི་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ་ཀྲུའུ་ཞི་ཧྲེང་དང་། ཀྲུང་གོའི་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་གཞོན་པ་ཝུའུ་ཀྲེང་དབྱིན། ཀྲུང་གོའི་ལོ་ཆུང་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་རིག་གནས་ཤུལ་བཞག་འཕེལ་རྒྱས་ཐེབས་རྩ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲན་ཀྲི་ཀང་། ཆེད་མངགས་མཚོ་སྔོན་ནས་པེ་ཅིང་དུ་ཕེབས་པའི་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་པ་བསོད་ནམས་རྒྱལ་སོགས་འགྲེམས་སྟོན་བྱེད་འགོ་རྩོམ་པའི་མཛད་སྒོར་ཞུགས་པ་རེད།
         ཐེངས་འདིའི་འགྲེམས་སྟོན་དུ་བཀྲམས་པའི་ཞལ་ཐང་ཚང་མ་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་པ་བསོད་ནམས་རྒྱལ་གྱིས་བཞེངས་པ་ཡིན་ཞིང་། ཁོང་གིས་བཞེངས་པའི་ཞལ་ཐང་《འཇམ་དཔལ་དབྱངས་》ཞེས་པ་དང་། 《སྤྱན་རས་གཟིགས་ཕྱག་བཞི་མ་》ཞེས་པ།  《གནས་བརྟན་བཅོ་བརྒྱད་》ཅེས་པ། 《འཇམ་དབྱངས་རིགས་ལྔ་》ཞེས་པ་སོགས་ལ་རྒྱལ་ཡོངས་ཀྱི་རི་མོ་འགྲེམས་སྟོན་ཐོག་བྱ་དགའ་ཆེན་པོ་ཐེངས་མང་ཐོབ་མྱོང་། ལོ་ངོ་བཅུ་ཕྲག་འགའ་ཞིག་རིང་བསོད་ནམས་རྒྱལ་གྱིས་བློ་གཅིག་སེམས་གཅིག་གིས་ཞལ་ཐང་བཞེངས་པ་དང་ཞིབ་འཇུག་གནང་བར་གཞོལ་ཏེ་རི་མོའི་སྒྱུ་རྩལ་ཀྱི་ནུས་རྩལ་བྱང་ཆུབ་པ་སྦྱངས་ཏེ་ལྷ་རིས་དང་གསེར་གྱིས་ཞལ་ཐང་བཞེང་པར་མཁས་ཤིང་། སྲོལ་རྒྱུན་གྱི་བྲིས་ལུགས་ལས་བརྒལ་ཏེ་བློ་སེམས་གཅིག་སྒྲིམ་གྱིས་གསར་རྩོམ་གནང་སྟེ་འབྲི་སྟངས་སྣ་མང་དང་ཁྱད་ཆོས་མངོན་གསལ་དོད་པའི་གསོན་ཉམས་ལྡན་པའི་གཟུགས་སྣང་སྒྱུ་རྩལ་བརྩམས་ཆོས་གཅིག་རྗེས་གཉིས་མཐུད་དུ་གསར་རྩོམ་གནང་བ་རེད། བསོད་ནམས་རྒྱལ་གྱིས་འགྲེམས་སྟོན་བྱ་ཡུལ་དངོས་སུ་གཟིགས་སྐོར་བ་རྣམས་ལ་འགྲེལ་བཤད་གནང་རྒྱུ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམས་སྟོན་ནི་ཟླ་10ཚེས་22ཉིན་བར་དུ་ཉིན་8རིང་འགྲེམས་སྟོན་བྱེད་རྒྱུ་ཡིན་ལ། རིན་པ་སྤྲོད་མི་དགོས་པར་གཟིགས་སྐོར་གནང་ཆོག  འགྲེམས་སྟོན་དུ་ད་དུང་གཅེས་སེམས་ལྡན་པའི་མི་སྣས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ལ་སོགས་པའི་ས་ཁུལ་དུ་པར་ལེན་བྱས་པའི་དབུལ་པོའི་ཕྲུ་གུ་ཚོའི་འདྲ་པར་འགྲེམས་སྟོན་བྱས་ཡོད། འགྲེམས་སྟོན་ལ་གཟིགས་སྐོར་གནང་མཁན་གཅེས་སེམས་ལྡན་པའི་མི་རྣམས་ཀྱི་ཁྲོད་མཚོ་སྔོན་ཞིང་ཆེན་དབུལ་པོའི་ས་ཁུལ་གྱི་ཕྲུ་གུ་ཚོར་སློབ་སྐྱོར་རོགས་དངུལ་གནང་བ་ཚོར་མཚོ་སྔོན་ནས་ཐོན་པའི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སྤྲོད་རྒྱུ་རེད། ཞལ་ཐང་དེ་དག་798སྒྱུ་རྩལ་ཁུལ་ཀུའོ་མོ་སྒྱུ་རྩལ་ཁམས་སུ་འགྲེམས་སྟོན་བྱས་རྗེས་ད་དུང་ཟླ་བ་10པའི་ཟླ་མཇུག་ཏུ་པེ་ཅིང་དུ་སྤྱི་ཕན་རིན་གོང་གང་མཐོ་བ་འཚོང་རྒྱུ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།《རྒྱུན་འཛིན་དང་སྲུང་སྐྱོང་》ཞེས་པའི་རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་
པེ་ཅིང་དུ་སྤེལ་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།