མི་དམངས་དྲ་བ།

༄༅།།“ལོ་ལྔ་ཚན་བཅུ་གཉིས་པའི”རིང་གི་དམངས་འཚོའི་ལས་དོན་ནང་རི་ཁུལ་གྱི་སློབ་
མར་རོ་བཅུད་ལྡན་པའི་ལྟོ་ཆས་ཚ་སོབ་སོབ་བྱུང་བས་
གཟུགས་གཞི་ཡག་ཏུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 14:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     མི་དམངས་དྲ་བའི་འཕྲིན། 2011ལོ་ནས་2015ལོ་བར་གྱི་ལོ་ལྔའི་རིང་ཀོང་ཤིས་དང་། ཀུའེ་ཀྲོའུ། ཧུའུ་ནན་སོགས་རི་ཁུལ་དབུལ་པོ་ཁ་ཤས་ཀྱི་སློབ་ཆུང་ངོས་ནས་བཤད་ན་སློབ་མར་སློབ་གྲྭའི་ནང་རོ་བཅུད་ལྡན་ལ་ཚ་སོབ་སོབ་ཀྱི་ལྟོ་ཆས་བཟའ་རྒྱུ་བྱུང་བ་དེ་དྲོ་སྐྱིད་ཆེ་ཤོས་ལྡན་པའི་བྱ་བ་ཞིག་རེད།
     2011ལོའི་ཟླ་3པར་ཀོང་ཤིས་ཧོ་ཁྲེ་གྲོང་ཁྱེར་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་གི་གྲོང་གསེབ་ཀྱི་སློབ་ཆུང་ཁ་ཤས་ཀྱི་ཞག་སྡོད་སློབ་མར་ཉིན་ལྟར་སྲན་སེར་རླངས་བཙོས་ཁོ་ན་ལས་བཟའ་རྒྱུ་མེད་པའི་སྣང་ཚུལ་སྨྱན་སྦྱོར་གྱིས་ཁྱབ་བསྒྲགས་བྱས་པ་དང་གསར་འགོད་པས་སྐབས་དེ་དུས་ཏུའུ་ཨན་སན་ཀྲེ་དབྱང་ཤང་སན་ཀྲེ་དབྱང་སློབ་ཆུང་དུ་བཅར་འདྲི་བྱེད་སྐབས་སློབ་མ་ཚོའི་ལྟོ་ཆས་ཧ་ཅང་ཞན་པ་དང་སྐབས་རེ་བསྙལ་ཤ་ཏིག་ག་རེ་གཉིས་མཐོང་རྒྱུ་ཡོད་པ་ལས་ཕལ་ཆེ་བ་སྲན་སེར་རླངས་བཙོས་ཡིན་པ་མཐོང་ཡོད།
     སྣང་ཚུལ་དེ་རིགས་ཀོང་ཤིས་དང་ཀུའེ་ཀྲོའུ་སོགས་གྲོང་གསེབ་དབུལ་པོའི་སློབ་གྲྭ་ཁ་ཤས་སུ་རྒྱུན་མཐོང་གནས་ཚུལ་ཡིན་པ་དང་འཚོ་བཅུད་འདང་ངེས་མེད་རྐྱེན་ས་ཆ་དེ་གའི་སློབ་ཆུང་སློབ་མ་ཕལ་ཆེ་བའི་གཟུགས་ཚད་ཆུང་བ་དང་སློབ་ཕྲུག་ལ་ལ་ཞོགས་སྦྱོང་སྐབས་ད་དུང་འགྱེལ་གྱི་ཡོད་པ་རེད།
     “སྐབས་དེ་དུས་སྔ་དྲོའི་སློབ་ཚན་གསུམ་པ་ནས་ཕྲུ་གུ་ཚོ་གྲོད་པ་ལྟོགས་ཏེ་སྔ་དྲོའི་ལུས་རྩལ་སློབ་ཚན་འཚོག་ཐབས་བྲལ་ཡོད”ཅེས་ཏུའུ་ཨན་གྱི་སློབ་ཆུང་སློབ་སྤྱི་ཞིག་གིས་གསར་འགོད་པར་བཤད།
     སྐབས་དེ་དུས་སན་ཀྲི་དབྱང་སློབ་ཆུང་གི་སློབ་སྤྱི་མོང་ཝུན་ཝུའུ་ཡིས་གནད་དོན་དེ་རིགས་ཐོན་རྐྱེན་ནི་དབུལ་ཕོངས་ཡིན་པ་ཕུད་ད་དུང“རྩ་ཆག་གཉིས་དང་ཁ་གསབ་གཅིག”ཁྲོད་ཀྱི“ཁ་གསབ་གཅིག”གི་མ་དངུལ་སློབ་མར་དོན་འཁྱོལ་ཐུབ་ཀྱི་མེད་པས་རེད། སྐབས་དེ་དུས་ཞག་སྡོད་སློབ་མ་མི་རེར་ཉིན་རེར་ཀྲུང་དབྱང་དང་རང་སྐྱོང་ལྗོངས་རིམ་གཉིས་སྲིད་གཞུང་གིས་སྤྲད་པའི་འཚོ་སྣོན་རོགས་དངུལ་སྒོར་3ཡོད་པ་དང་སྔོན་ཆད་སློབ་གྲྭས་གཏན་འབེབས་གཞིར་བཟུང་དངུལ་དེ་ཁྱིམ་བདག་ལ་སྤྲད་སྟབས་རྟག་ཏུ་ཁྱིམ་ཚང་གི་ཁ་གསབ་ཏུ་བྱེད་པ་ལས་ཕྲུ་གུ་ཚོའི་འཚོ་བཅུད་ཐད་དོ་སྣང་བྱེད་ཀྱི་མེད་ཅེས་བཤད།
     2011ལོའི་ཟླ་5པ་ནས་བཟུང་ཁྱིམ་བདག་གི་མོས་མཐུན་ཐོབ་པ་ལྟར་སློབ་གྲྭས་འགྲོ་གྲོན་དེ་དོ་དམ་བྱས་ནས་ཕག་ཤ་དང་། སྔོ་ཚལ། བྱ་སྒོང་སོགས་ཉོས་ཏེ་བཟོ་པ་གདན་ཞུས་ཀྱིས་སློབ་མར་ཉིན་རེར་ལྟོ་ཐེངས་གསུམ་སྟེར་གྱི་ཡོད། ལོ་དེའི་ཟླ་9པར་གསར་འགོད་པ་སླར་ཡང་སན་ཀྲི་དབྱང་སློབ་ཆུང་དུ་སླེབས་སྐབས་ཕྲུ་གུ་ཚོ་སྲན་སེར་རླངས་བཙོས་བཟའ་མི་དགོས་པར་སྔོ་ཚལ་དང་སྒོ་ང་རྔོས་མ་ལ་སོགས་བཟའ་རྒྱུ་ཡོད་པ་རེད།
     དེ་དང་དུས་མཚུངས་རྒྱལ་ཡོངས་རིམ་པའི་ངོས་ཀྱི་སློབ་མའི་འཚོ་བཅུད་ཐེ་ཇུས་འཆར་འགོད་ཀྱང་གཅིག་རྗེས་གཉིས་མཐུད་ངང་བཏོན་ཞིང་། 2011ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་འགོད་ལག་བསྟར་བྱེད་འགོ་བཙུགས་ནས་ཁྱབ་ཁོངས་ནང་གི་གྲོང་གསེབ་ཀྱི་སློབ་གྲྭར་ཡོད་མུས་སློབ་མ་མི་རེར་ཉིན་རེར་སྒོར་3གྱི་འཚོ་སྣོན་རོགས་དངུལ་སྤྲད་པ་དང་2014ལོའི་ཟླ་11པར་ཚད་གཞི་དེ་སྒོར་4བར་མཐོ་རུ་བཏང་བའི་ཁར་གྲོང་གསེབ་ཀྱི་ཞག་སྡོད་སློབ་མའི་དེ་སྔའི“ཁ་གསབ་གཅིག”གི་མ་དངུལ་ཡོད་སྟབས་ཕྲུ་གུ་ཚོའི་སློབ་གྲྭའི་ནང་གི་འཚོ་བ་འགན་ལེན་ཐུབ་པ་རེད།
     མིག་སྔར་ཀོང་ཤིས་ཀྱིས་ཁྱོན་རྫོང་63ལ་འཚོ་བཅུད་ལེགས་གཏོང་འཆར་འགོད་ལག་བསྟར་བྱས་ཏེ་སློབ་གྲྭ་8795དང་སློབ་མ་ཁྲི་160ཙམ་ལ་ཕན་པ་ཐོབ་པ་དང་ས་ཆ་དེ་གའི་ཟ་ཁང་ནས་ལྟོ་ཆས་སྟེར་རྒྱུ་ཁྱབ་ཚད་བཅུ་ཆ་དགུ་ཙམ་ཟིན་ཡོད་པ་རེད།
     2012ལོའི་ཟླ་3པར་ཀུའེ་ཀྲོའུ་ཞིང་ཆེན་གྱིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་དངོས་སུ་ལག་བསྟར་བྱེད་འགོ་བཙུགས་པ་དེ་ཞིང་ཆེན་དེ་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་རང་སྐྱོང་ལྗོངས)87གྱི་གྲོང་གསེབ་སློབ་གྲྭ་ཁྲི་1.31ལ་ཁྱབ་པ་དང་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཁྲི་380ལ་ཚ་སོབ་སོབ་ཀྱི་དགུང་ཟས་ཟ་རྒྱུ་བྱུང་ཡོད།
     འཚོ་བཅུད་ལེགས་གཏོང་འཆར་འགོད་ལག་བསྟར་བྱས་པ་ནས་བཟུང་། ཀུའེ་ཀྲོའུ་རུ“སློབ་གྲྭ་ཚང་མར་ཟ་ཁང་ཡོད་པ་དང་མི་ཚང་མར་དགུང་ཟས་བཟའ་རྒྱུ་ཡོད་པའི”གྲོང་གསེབ་ཀྱི་སློབ་མའི་བཅུད་ལྡན་ལྟོ་ཆས་སྦྱིན་པའི་མ་ལག་ཆགས་པ་དང་། གྲོང་གསེབ་སློབ་མས་ཉིན་གཅིག་ལ་ལྟོ་ཐེངས་གཉིས་ཟ་བ་ནས་ལྟོ་ཐེངས་གསུམ་ཟ་བའི་བར་འགྱུར་ལྡོག་བྱུང་སྟེ་སློབ་གྲྭར་ཉིན་ལྟར་ཤ་བཟའ་རྒྱུ་ཡོད་སྟབས་བསམ་པའི་ཉམས་འགྱུར་ལེགས་སུ་སོང་ནས་འཚོ་བཅུད་མི་འདང་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ཐོག་གཟུགས་གཞི་ལེགས་སུ་མངོན་གསལ་དོད་པོས་ཕྱིན་པ་རེད།
     གསར་འགོད་པར་འདི་ལོའི་ཟླ་6པར་ཧུའུ་ནན་ཞིང་ཆེན་ཀྲང་ཅ་ཅེ་གྲོང་ཁྱེར་སང་ཀྲི་རྫོང་ཁུང་ཁེ་ཧྲུའུ་སློབ་འབྲིང་ནས་ཤེས་རྟོགས་བྱུང་བར། སློབ་མའི་སློབ་གསེང་ལུས་རྩལ་གྲོལ་རྗེས་འོ་མ་རེ་སྤྲོད་ཀྱི་ཡོད་པ་རེད། “སློབ་གྲྭར་ཉིན་ལྟར་ཤ་དང་འོ་མ་ཡོད་པས་ལྟོ་ཆས་ཧ་ཅང་ཡག་པོ་འདུག”ཅེས་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཁྲེན་ཅུན་སུའོ་ཡིས་གསར་འགོད་པར་བཤད།
     “ཉིན་ལྟར་ཤ་ཚལ་གཅིག་དང་། སྔོ་ཚལ་གཅིག ཁུ་བ་ཡོད་པའི་ཚལ་གཅིག་བཅས་ཡོད”སློབ་སྤྱི་ཀྲུའུ་ཡིའུ་ཡུན་གྱིས“འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་རྗེས་སློབ་མ་ཚོའི་ལྟོ་ཆས་ལེགས་སུ་ཕྱིན་པ་དེས་ལོ་ལྟར་ཕྱི་ཕྱོགས་སུ་གླ་པ་རྒྱུག་པའི་ཁྱིམ་བདག་ཚོའི་སེམས་ཁྲལ་ཆུང་དུ་སོང་ཡོད”ཅེས་བཤད།
     ལོ་ལྔ་ཚན་བཅུ་གཉིས་པའི་ལོ་ལྔ་པོ་དེའི་རིང་སྒོ་ང་གཅིག་དང་། འོ་མ་གཅིག ཚ་སོབ་སོབ་ཀྱི་ལྟོ་ཆས་བཅས་མང་དུ་ཕྱིན་ནས་གྲོང་གསེབ་ཀྱི་ཕྲུ་གུ་ཚོའི་སློབ་གྲྭའི་འཚོ་བའི་ཆུ་ཚད་མཐོ་རུ་ཆེས་ཆེར་སོང་ཡོད། ཀོང་ཤིས་ནས་བཤད་ན། ལོ་ལྔ་པོ་དེའི་རིང་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཞིང་པའི་ལྟ་སྟངས་ཡག་ཏུ་ཆེས་ཆེར་ཕྱིན་པ་དང་སློབ་མཚམས་ཆད་ཚད་ཀྱང་ཉུང་དུ་སོང་ནས་ཕྱི་ཕྱོགས་སུ་གླ་པར་འགྲོ་མཁན་ཁྱིམ་བདག་གིས་ཕྲུ་གུར་སེམས་ཁྲལ་ཆུང་དུ་ཕྱིན་པ་རེད།
     གྲངས་གཞིའི་ནང་2015ལོའི་ཟླ་6པ་བར་ཀྲུང་དབྱང་དང་ས་གནས་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་1443བཏང་བ་དང་རྫོང་1/3ལྷག་ཙམ་ལ་འཚོ་བཅུད་ལེགས་གཏོང་འཆར་འགོད་ལག་བསྟར་བྱས་པར་གྲོང་གསེབ་ཀྱི་སློབ་མ་ཁྲི་3210ལ་ཕན་པ་ཐོབ་ཐོག ས་ཁུལ་དབུལ་པོའི་ལོ་ཚད་མི་འདྲ་བའི་སློབ་མའི་གཟུགས་པོའི་ཆ་སྙོམས་རིང་ཚད་དང་། ལྗིད་ཚད། ཆ་སྙོམས་སྦྱངས་འབྲས་བཅས་ཚང་མ་ཚད་གཞི་མི་འདྲ་བའི་ཐོག་ནས་མཐོ་རུ་ཕྱིན་པ་མཚོན་ཡོད་པ་རེད།