འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་བདེ་སྡོད་དམངས་ཕྱུག་ལས་གྲྭའི་དཔྱད་བསྡུར་ལོ་བཞི་བསྟུད་མར་རྒྱལ་ཡོངས་
    ཀྱི་ཨང་དང་པོར་སླེབས་པ།

    རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་ཆིག་སྟོང་ཙམ་བཏང་ནས་ཞིང་འབྲོག་པ་ཁྲི་480ལྷག་ཙམ་ལ་ཕན་པ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཅང་ཕི་ཧྲན་གྱི“7·3”ས་ཡོམ་དྲག་པོའི་ཁྲོད་ཀུའུ་མཱ་གྲོང་རྡལ་གྱི་གྲོང་མི་ཨཱ་ཐི་ཧན·པཱ་ཁེ་ཅཱ་ཡི་ས་ཕག་ཁང་པ་ཁང་མིག་བཞི་རྡིབ་ཀྱང་གསར་དུ་བརྒྱབ་པའི་ཡོམ་འགོག་བདེ་སྡོད་ཁང་པར་གནོད་སྐྱོན་ཅི་ཡང་ཕོག་མེད། དེ་བས་རྒན་པོ་ཨཱ་ཐི་ཧན་གྱིས“ཡོམ་འགོག་བདེ་སྡོད་ཁང་པ་ཡག་པོ་འདུག རྡིབ་ཟིན་པ་འདི་དག་ཀྱང་བདེ་སྡོད་ཁང་པ་ནང་བཞིན་རྒྱག་རྒྱུ་ཡིན”ཞེས་བཤད་པ་རེད།
         གསར་འགོད་པར་ཤིན་ཅང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་ནས་ཤེས་རྟོགས་བྱུང་གསལ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན། ནོར་སྲིད་པུའུ་བཅས་པུའུ་དང་ཨུ་ལྷན་གསུམ་གྱིས་ཕྱོགས་བསྡུས་དཔྱད་བསྡུར་བྱས་པ་བརྒྱུད་ཤིན་ཅང་བདེ་སྡོད་དམངས་ཕྱུག་ལས་གྲྭ་ལོ་བཞི་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཤིང་། 2014ལོའི་ལོ་མཇུག་བར་དུ་ཤིན་ཅང་གིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་986.32བཏང་ནས་བདེ་སྡོད་དམངས་ཕྱུག་སྡོད་ཁང་ཁྲི་126.23བརྒྱབ་པ་ལས་ཁྲི་123.27སྐྲུན་གྲུབ་བྱུང་ནས་སྐྲུན་འགོ་ཚུགས་ཚད་དང་སྐྲུན་ཚར་ཚད་105.19%དང་102.72%སོ་སོར་ཟིན་ཡོད། ལོ་བཞིའི་ནང་མི་རིགས་ཁག་གི་ཞིང་འབྲོག་མང་ཚོགས་ཁྲི་480ལྷག་ཙམ་སྡོད་ཁང་གསར་པའི་ནང་དུ་སྤོ་ཐུབ་ཡོད་པ་རེད།
         བདེ་སྡོད་དམངས་ཕྱུག་ལས་གྲྭ་སྐྲུན་པར་སྤུས་ཚད་གཙོ་བོར་བཟུང་བ། 2011ལོ་ཚུན་དུ་ཤིན་ཅང་དུ་ཤུགས་ཚད་རིམ་5ཡན་གྱི་གཏོར་བརླག་རང་བཞིན་གྱི་ས་ཡོམ་ཐེངས་20ལྷག་ཙམ་བརྒྱབ་པ་དང་ལྷག་པར་དུ་ཡུས་ཐེན་དུ་ཤུགས་ཚད་རིམ་7.3ཅན་གྱི་ས་ཡོམ་དྲག་པོ་བརྒྱབ་པའི་ཁྲོད་གསར་དུ་བརྒྱབ་པའི་བདེ་སྡོད་དམངས་ཕྱུག་ལས་གྲྭར་གནོད་སྐྱོན་གཅིག་ཀྱང་ཕོག་མེད། རིགས་གཅིག་མཁས་ཅན་གྱིས་དེ་ནི་བདེ་སྡོད་དམངས་ཕྱུག་ལས་གྲྭ་སྐྲུན་འགོ་ཚུགས་པ་ནས་བཟུང་ཤིན་ཅང་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་ལས་གྲྭ་འཛུགས་སྐྲུན་ཚད་གཞི་དང་སྤུས་ཚད་ཞིབ་བཤེར་རྩིས་ལེན་སྒྲིག་སྲོལ་སོགས་ལག་རྩལ་ཁྲིད་སྟོན་དཔྱད་གཞི་སྣ་ཚོགས་སྒྲིག་བཟོ་དང་། ལོ་འཁོར་གྱི་ལས་ཕྱོད་དཔྱད་བསྡུར་ཞིབ་སྲོལ་དང་ལས་གྲྭ་འཛུགས་སྐྲུན་ཐད་ཀྱི་ཆེད་དོན་སྐོར་ཞིབ་ལམ་ལུགས་སོགས་ལས་ཀའི་ལམ་ལུགས་15བཟོས་པའི་ཁར་ད་དུང་ཆེད་དོན་སྐོར་ཞིབ་དང་གཙོ་གནད་ལྟ་ཞིབ་ཐེངས་37ལྷག་ཙམ་བྱས་པས་བདེ་སྡོད་དམངས་ཕྱུག་ལས་གྲྭའི་སྤུས་ཚད་ཚད་ལོན་ཚད་100%ཟིན་པའི་ངོས་འཛིན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཤིན་ཅང་གིས་འདི་ལོར་བདེ་སྡོད་དམངས་ཕྱུག་ལས་གྲྭའི་ཁང་པ་ཁྲི་30བསྐྲུན་རྒྱུའི་འཆར་གཞི་ཡོད་ལ། ཟླ་དྲུག་པའི་ཟླ་དཀྱིལ་བར་དུ་རིམ་རྩིས་བརྒྱབ་ན་ཁང་པ་ཁྲི་26.92སྐྲུན་འགོ་ཚུགས་ནས་སྐྲུན་འགོ་ཚུགས་ཚད་89.74%ཟིན་ཡོད་པ་རེད། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་མི་སྣས་ཤིན་ཅང་བདེ་སྡོད་དམངས་ཕྱུག་ལས་གྲྭ་འཛུགས་སྐྲུན་དེ་གྲོང་ཚོ་དང་གྲོང་རྡལ་འཆར་འགོད་དང་། ཐོན་ལས་འཕེལ་རྒྱས། ཞིང་པའི་འབབ་འཕར་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་བདེ་སྡོད་དང་དམངས་ཕྱུག་གཉིས་ཀ་ཡོང་བར་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད།
         ཚོད་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། ཤིན་ཅང་བདེ་སྡོད་དམངས་ཕྱུག་ལས་གྲྭ་འཛུགས་སྐྲུན་བྱས་ནས་ལོ་བཞི་འགོར་རིང་རིམ་རྩིས་བརྒྱབ་ན་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་མི་ཁྲི་115ལྷག་ཙམ་གཞན་སྒྱུར་བྱེད་རྒྱུར་སྐུལ་མ་ཐེབས་ནས་ཞིང་པར་ཡོང་འབབ་སྒོར་དུང་ཕྱུར་52འཕར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།