འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཚེ་སྲོག་གི་མཐོ་ཚད་ལ་བསྙེགས་ཏེ། སྙིང་སྟོབས་ཀྱི་མཐོ་སྒང་ཞིག་བཏོད་པ།

    —— གངས་ལྗོངས་ས་མཐོའི་ས་བབ་མཐོ་ཤོས་ཡིན་པའི་ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་ཚོགས་སྤྱིའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་02ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཚེ་སྲོག་གི་མཐོ་ཚད་ལ་བསྙེགས་ཏེ། སྙིང་སྟོབས་ཀྱི་མཐོ་སྒང་ཞིག་བཏོད་པ།
         འདི་གར“ས་མཐོའི་ཡང་རྩེ”ཞེས་འབོད་པ་དང་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5373ཟིན་པ་དེ་ཇོ་མོ་གླང་མའི་སྒར་ས་ཆེན་པོ་ལས་སྨི་200ཡིས་མཐོ་བ་ཡོད་ཅིང་། ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་དཀོན་ལ་གནོད་འཚེ་ཡང་ཡང་ཐོན་པ་སོགས་ཆ་རྐྱེན་ཤིན་ཏུ་ཞན།
         འོན་ཀྱང་དེ་གར་ཤང་གི་ལས་བྱེད་པ་36གིས་ལང་ཚོ་དང་ལྷག་བསམ་ལ་བརྟེན་ནས་ཚེ་སྲོག་གི་མཐོ་ཚད་ལ་བསྙེགས་པ་དང་འབད་འབུངས་ལྷོད་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྙིང་སྟོབས་ཀྱི་མཐོ་སྒང་ཞིག་བཏོད་ཀྱི་ཡོད།
         ཁོང་ཚོས་ལོ་འཁོར་མོར་ལས་གནས་བརྟན་སྲུང་དང་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ་མི་སེར་གྱི་ཡིད་ཆེས་དང་བསམ་པ་ཐོབ་པར་བྱས་ཤིང་། ཁོང་ཚོས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལོ་3རིང་ཆ་སྙོམས་ཡོང་འབབ་29%འཕར་བ་དང་2014ལོར་སྒོར་8712ཟིན་ཐབས་བྱས། ཁོང་ཚོའི་ཁྲོད་དུ་གྲགས་ཅན་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཡོད་པ་དང་རང་འགུལ་ངང་ལས་འགན་རེ་འདུན་ཞུ་མཁན་ཡང་མི་ཉུང་བ་ཞིག་ཡོད་ལ་ལས་གནས་ནས་བྲལ་རྗེས་སླར་ཡང་འདུན་པ་ཞུ་མཁན་ཡང་ཡོད།
         དད་སེམས་གང་ཞིག་ལ་བརྟེན་ནས་ཁོང་ཚོ་རེ་རེ་བཞིན་གྱིས་སྙིང་སྟོབས་རབ་ཏུ་འཕེལ་བ་དང་ལེགས་སྐྱེས་འབུལ་འདོད་ཡོད་པར་གྱུར་རམ། སྟོབས་ཤུགས་གང་ཞིག་ལ་བརྟེན་ནས་ཁོང་ཚོ་རེ་རེ་བཞིན་གྱིས“དཀའ་སྡུག་མྱངས་ཀྱང་ཡུས་མི་ཤོད་པར”རྒྱལ་ཁབ་ཆེད་དུ་ལས་གནས་བརྟན་སྲུང་བྱེད་དོན་གང་ཡིན་ནམ། ཉེ་ཆར་གསར་འགོད་པ་འདི་གར་བསྐྱོད་པ་སྟེ་རང་རྒྱལ་གྱི་ས་བབ་མཐོ་ཤོས་ཀྱི་ཤང་སྲིད་གཞུང་གནས་ཡུལ་ཏེ་བོད་རང་སྐྱོང་ལྗོངས་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་དུ་བཅའ་སྡོད་བྱས་ཏེ་རྡོ་རྗེ་བྲག་ལྟར་སྲ་བའི་ལས་བྱེད་པའི་ཚོགས་སྤྱི་དེར་བཅར་འདྲི་བྱས་ཏེ་ཁོང་ཚོའི“ལས་གནས་བརྟན་སྲུང་གི་གསང་བ”ཤེས་རྟོགས་བྱས་པ་ཡིན།
         ལེགས་སྐྱེས་འབུལ་རྒྱུར་དགའ་ཞིང་རྒྱལ་ཁབ་དང་མི་དམངས་ཆེད་དུ་ལས་གནས་བརྟན་སྲུང་བྱས།
         པེ་ཅིང་ནགས་ལས་སློབ་ཆེན་ནས་ཐོན་པའི་ཟླ་བ་ཚེ་རིང་ད་ལོ་ལོ་28ལ་སླེབས་པ་དང་། དེ་སྔ་ཆ་རྐྱེན་ལེགས་ཙམ་ཡོད་པའི་རྒྱ་ཚ་རྫོང་དུ་ལས་ཀ་བྱེད་ཀྱི་ཡོད་ཀྱང་2012ལོར་རང་རྟོགས་ངང་ཕུ་མ་བྱང་ཐང་ཤང་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་འདུན་པ་ཞུས། ཐག་རིང་ལུང་ཁུག་གི་གྲོང་ཚོ་འགའ་ཞིག་ཤང་སྲིད་གཞུང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པ་དང་གྲོང་ཚོར་སྐྱོད་སྐབས་གངས་ཆར་བབས་ཚེ་གྲོང་ཚོར་སྡོད་དགོས་ཀྱི་ཡོད། “དཀའ་ཚེགས་ཆེ་ཤོས་གང་ཡིན་ནམ”གནད་དོན་དེའི་ཐད་ཟླ་བ་ཚེ་རིང་གིས་ཁེངས་སྐྱུང་ངང་དགོད་ཙམ་བྱས་ཏེ“ཁག་ཤོས་ནི་དགའ་རོགས་འཚོལ་རྒྱུ་དེ་ཡིན། ཕུ་མ་བྱང་ཐང་ཤང་དུ་ལས་ཀ་བྱེད་པ་ཐོས་འཕྲལ་བུ་མོས་ཐེངས་གཅིག་མ་གཏོགས་ལྟ་ཡི་མི་འདུག འོན་ཀྱང་ངས་འདི་གར་མང་ཚོགས་ལ་དཀའ་ངལ་མི་ཉུང་བ་ཞིག་ཐག་གཅོད་བྱེད་རོགས་བྱེད་ཐུབ་ཁར་འགྱོད་པ་གཏན་ནས་སྐྱེ་མྱོང་མེད”ཅེས་བཤད།
         ཕ་ཡུལ་ཧུའུ་ནན་དུ་ཡོད་པའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཞའོ་ཧྭ་ཡིས་ལོ་གཉིས་གོང་རྫོང་གྲོང་དུ་ལས་ཀ་བྱེད་པའི་གོ་སྐབས་དོར་ནས་ཕུ་མ་བྱང་ཐང་ཤང་དུ་ལས་ཀ་བྱེད་པར་འགྲོ་རྒྱུར་རང་འགུལ་ངང་འདུན་པ་ཞུས། འོན་ཀྱང་གཉེན་སྒྲིག་བྱས་ནས་ལོ་6སོང་ཡང་འཛོམས་པ་ལས་བྲལ་བ་མང་ཞིང་ད་བར་ཕྲུ་གུ་ཡང་མེད་པ་རེད།
         ཤང་གི་ལས་བྱ་སུའུ་ཧའེ་ཡི་ཉལ་ཁང་དུ་སྐྱོད་སྐབས་སྒྲོག་ཙེའི་ཐོག་བོད་ཡིག་དཔེ་དེབ་མི་ཉུང་བ་ཞིག་བསྒྲིགས་པ་མཐོང་བྱུང་། ལོ་23ལ་སླེབས་པའི་ཕོ་གཞོན་དེས་གསར་འགོད་པར་ཁོང་གི་སློབ་སྦྱོང་གི་འཆར་གཞི་ནན་ཏན་ངང་བཤད་པ་སྟེ“ཉིན་མོ་ལས་བྲེལ་ཆེ་བས་ངས་དགོང་མོ་དང་དུས་ཆེན་དང་ངལ་གསོའི་དུས་ཚོད་སྤྱད་དེ་སློབ་སྦྱོང་བྱེད་ཀྱི་ཡོད། དཀའ་ངལ་ཆེན་པོ་ཡོད་ཀྱང་བོད་སྐད་ཤེས་ན་གཞི་ནས་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་བློ་རྟོགས་ཐུབ་པ་དང་། གཞི་ནས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་བྱ་བ་སྒྲུབ་ཐུབ”ཅེས་བཤད།
         ལས་བྱེད་པ་མི་ཉུང་བ་ཞིག་ལ་ས་མཐོའི་ནད་ཕོག་པ་དང་། འཚོ་བ་དང་ལས་ཀའི་ཆ་རྐྱེན་དཀའ་ཚེགས་ཧ་ཅང་ཆེ་ཡང་ད་ཕན་ལོ་གསུམ་ཙམ་རིང་ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་80ཡི་ནང་ནས་བུ་མོ་གཅིག་པུ་ཡིན་མཁན་དེས་ཁྱིམ་དུ་ལོག་ནས་ཕ་མར་ལྟ་རྟོག་བྱེད་པར་བསྐྱོད་པ་ཕུད། “བྲོས་དམག”གཅིག་ཀྱང་མེད་པ་རེད།
         གནོད་འཚེ་དང་ཉེན་ཁའི་མདུན་དུ་ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་ཚོས་མདུན་ཤོས་སུ་བསྐྱོད་ཀྱི་ཡོད། 2011ལོའི་ཟླ་10པར་ཕུ་མ་བྱང་ཐང་ཤང་ལ་ཧ་ཅང་མཐོང་དཀོན་པའི་གངས་ཆེན་པོ་ཞིག་བབས་སྟབས་ལས་བྱེད་པ་ཚོས་ཆུ་ཚོད་18རིང་བསྟུད་མར་འབད་འཐབ་བྱས་རྗེས་རྫོང་གྲོང་དུ་བསྐྱོད་སའི“གེགས་སེལ་གྱི་ཚེ་སྲོག་བགྲོད་ལམ”ཤར་གཏོང་ཐུབ་པ་བྱུང་ཡོད། སྐབས་དེར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡིན་པའི་ཚེ་རིང་ནོར་བུ་ངལ་དུབ་ཆེ་དྲགས་ནས་དྲན་མེད་དུ་འགྱེལ་བ་དང་། ཁོང་དྲན་པ་གསོས་སྐབས་འབྲོག་པ་བཀྲ་ཤིས་ཀྱི་ཁྱིམ་ད་དུང་རྙེད་མེད་པ་ཐོས་མ་ཐག་མི་འཁྲིད་ནས་པུས་མོ་ཙམ་ལ་སླེབས་པའི་གངས་ཁྲོད་དུ་ལམ་འཛོལ་བར་མ་འཛེམས་པར་ཉེན་ཁའི་ཁྲོད་དུ་རི་ཐོག་ཏུ་འཚོལ་བར་བསྐྱོད་མཐར་གཞི་ནས་བཀྲ་ཤིས་ཀྱི་ཁྱིམ་བདེ་འཇགས་ངང་གནས་སྤོ་ཐུབ་པ་བྱུང་ཡོད།
         “ཕུགས་བསམ་དད་སེམས་བརྟན་པོ་ཡོད་པར་བརྟེན་གཞི་ནས་ལེགས་སྐྱེས་འབུལ་བའི་རིན་ཐང་རྟོགས་ཐུབ་པ་དང་། གཞི་ནས་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་འཕེལ་ཐུབ”རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཀྲང་ལན་ཚུང་གིས་ཕུ་མ་བྱང་ཐང་དུ་ཤང་ཏང་ཨུད་དང་སྲིད་གཞུང་གིས་ལོ་འཁོར་མོར“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་མཐའ་འཁྱོངས་ནན་ཏན་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ཀྲུང་དབྱང་གི་གཏན་འབེབས་གལ་ཆེན་སློབ་སྦྱོང་བྱས་ཏེ“ཏང་ལ་ལྷག་བསམ་རྣམ་དག་དང་། རྒྱལ་ཁབ་ཆེད་དུ་བརྟན་སྲུང་། དམངས་ལ་ལེགས་སྐྱེས་འབུལ་བ”བཅས་ཀྱི་ཕུགས་བསམ་དད་སེམས་བརྟན་དུ་བཏང་ཡོད་ཅེས་བཤད།
         “དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་མང་ཚོགས་ལ་འཕེལ་རྒྱས་དེ་བས་མཁོ”
         “ལས་བྱེད་པ་ཚང་མ་ཡག་པོ་ཤ་སྟག་ཡིན”ན་མོ་ཆེ་གྲོང་ཚོར་འབྲོག་པ་སྐལ་བཟང་དབྱངས་སྐྱིད་ཀྱིས་གསར་འགོད་པར་མཐེ་བོང་སྒྲེང་བཞིན་དུ“ཤང་གིས་ད་ལྟ་གྲོང་ཚོ་ཡོངས་ཀྱི་དུད་ཚང་27ལ་རིན་པ་མི་དགོས་པར་ཤེལ་སྒོའི་ཉི་འོད་ཁང་པ་བརྒྱབ་ནས་དྲོད་ལེན་གྱི་གནད་དོན་ཐག་གཅོད་བྱས་སྟབས་ལྕི་བའི་མེ་གཏོང་མི་དགོས་པས་ཉིན་རེར་སྒོར་12གྲོན་ཆུང་ཐུབ་ཀྱི་འདུག གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ད་དུང་རེའུ་དང་ལུ་གུ་སྐྱེ་བསུའི་ཁང་པ་བརྒྱབ་པར་བརྟེན་རེའུ་དང་ལུ་གུ་གསོན་ཚད་ཧ་ཅང་མཐོ་རུ་ཕྱིན་སོང”ཞེས་བཤད།
         ལོ་ཤས་རིང་ཕུ་མ་བྱང་ཐང་ཤང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་བཏང་བ་སྟེ། འབྲོག་དུད་277ཚང་མ་གུ་ཡངས་ཤིང་དཀར་ཆ་དོད་པའི་རྡོ་ཤིང་ལས་གྲུབ་པའི་ཁང་པ་གསར་པར་སྤོས་ནས་ལོ་བརྒྱ་ཕྲག་ཁ་ཤས་རིང་བསྡད་པའི་སྦྲ་གུར་དང་སྤང་གི་ཁང་པ་དང་ཞལ་གྱེས་ཞུས་པ། ཕྱུགས་རྒྱུད་ནང་འདྲེན་བྱས་ནས་ཕྱུགས་ཁྱུའི་གྲུབ་ཆ་ནུས་ལྡན་ངང་ལེགས་སུ་བཏང་བ། འབྲོག་སའི་འགྲོ་ལམ་དང་། འབྲུབ་འགོག་རཌ། ལུམས་གཞོང་། དྲོད་ཁང་ཆེ་མོ། འབྲོག་ཟོག་ལས་སྣོན་ས་ཚིགས་སོགས་འཐུས་སྒོ་ཚང་དུ་བཏང་བ་སོགས་རེད།
         “དཀའ་ཚེགས་ཇི་ལྟར་ཆེ་ཡང་སྲུང་མཁན་དགོས་པ་དང་ལས་ཀ་དཀའ་ཚེགས་ཇི་ལྟར་ཆེ་ཡང་སྒྲུབ་མཁན་དགོས་ཤིང་། མང་ཚོགས་1012ལ་ང་ཚོས་ཞབས་འདེགས་ཞུ་དགོས”ཞེས་ཕུ་མ་བྱང་ཐང་དུ་བཅར་འདྲི་བྱེད་སྐབས་ལས་བྱེད་པ་ཚོས་རྟག་ཏུ་དེ་ལྟར་ཤོད་ཀྱི་འདུག
         ཕུ་མ་བྱང་ཐང་ཤང་དུ་གྲོང་ཚོ་6ལས་མེད་རུང་ས་རྒྱ་སྤྱི་ལེ་ངོས་གྲུ་1200ཟིན་པ་དེར་འཕེལ་རྒྱས་དང་བརྟན་ལྷིང་གི་ལས་འགན་ཧ་ཅང་ལྕི་པོ་ཡོད། ཤང་གི་ལས་བྱེད་པས་གསར་འགོད་པར་འདི་ལོའི་ལོ་ཧྲིལ་པོའི་ལས་ཀའི་འགྲོ་རིམ་རེའུ་མིག་ཅིག་བསྟན་བྱུང་།
         ཟླ་གསུམ་པར་ལས་དོན་གལ་ཆེ་ཤོས་ཤིག་ནི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུ་དེ་ཡིན་པ་དང་། ཤང་དང་གྲོང་རྡལ་ཚང་མར་ཆུ་ཚོད་24ཡི་ལས་རེས་ལམ་ལུགས་ལག་བསྟར་བྱས་ཡོད།
         ཟླ་བཞི་པ་དང་ལྔ་པར་རྩྭ་ར་སྐྱ་ཟད་སྔོ་ཐུག་ཏུ་གྱུར་པས་ཤང་གིས་གྲོང་ཚོ་ཁག་ཏུ་གཅིག་རྗེས་གཉིས་མཐུད་ངང་གཟན་ཆག་སྤྲད་པ་དང་ཆབས་ཅིག་གནམ་གཤིས་དྲོ་རུ་ཕྱིན་ནས་ལས་ཀ་བསྐྱར་ཚུགས་ཀྱི་རྣམ་གྲངས་ནང་ཤང་སློབ་ཆུང་གིས་སྔོ་ཚལ་འདེབས་འཛུགས་བྱ་རྒྱུར་སྤྱོད་པའི་དྲོད་ཁང་ཆེ་མོ་དང་། ཤང་དེ་ཡོངས་ཀྱི་འབྲོག་ཟོག་ལས་སྣོན་སྤྱོད་ཁང་དང་པོ། མཉམ་ལས་ཁང་གི་ལས་སྒོའི་སྤྱོད་ཁང་བཅས་ཡིན། མགྱོགས་མྱུར་སྐྲུན་འགོ་ཚུགས་པའི་རྣམ་གྲངས་ནི་མཐོ་གནོན་གསོ་རླུང་ཁང་ཡིན་པ་དེ་གཙོ་བོ་ཐོལ་བྱུང་གི་ས་མཐོའི་ནད་ལྕི་པོ་མི་ཕོག་པ་བྱ་ཆེད་ཡིན་ལ་ད་དུང་གྲོང་ཚོ་ཁག་གཅིག་ཏུ་ཕྱུགས་ཚང་བསྐྲུན་རྒྱུ་དེ་ཡིན།
         ཟླ་5་པ་ནས་8པའི་བར་ནི་ཤང་གིས་རྣམ་གྲངས་འཛུགས་སྐྲུན་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱེད་པའི་དུས་ཚོད་ལེགས་ཤོས་དེ་ཡིན་པ་དང་སྦྲགས་ད་དུང་འབྲོག་པ“བཅའ་ཁྲིམས་ཁྱིམ་ཚང་མང་པོར་དྲིལ་བསྒྲགས་བྱེད་པའི”བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་སློང་བྱས།
         ཟླ་9པར་འབྲོག་པར་འདི་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་གེགས་འགོག་གེགས་སེལ་གྱི་དངོས་ཟོག་གྲ་སྒྲིག་བྱེད་དགོས། ཟླ་10པ་དང་11པར་ཏང་འཛུགས་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་། ཕྱོགས་བསྡུས་སོགས་དམིགས་ཚད་དང་ལས་འགན་ཁག་ལ་གཞིགས་ནས་ལས་དོན་ལེགས་སྒྲུབ་བྱེད་པ་དང་སྦྲགས་སྦྲེལ་མཐུད་དཔྱད་ཞིབ་བྱེད་དགོས་པ་དང་། དེ་ནས་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། བོད་ཀྱི་ལོ་གསར་བཅས་ཤར་རྒྱུ་ཡིན་པ་རེད།
        “དེ་ནས་ཚེ་སྲོག་གི་རིན་ཐང་རྙེད”
         ལོ་གཉིས་ཀྱི་གོང་ཤང་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ཚེ་བརྟན་ལ་ཚབས་ཆེ་བའི་གྲུམ་བུ་དང་པུས་ཚིགས་སུ་ཆུ་བསགས་ནས་ལས་ཀ་མུ་མཐུད་བྱེད་ཐབས་བྲལ་བས་རྫོང་མི་དམངས་སྨན་ཁང་དུ་ལས་སྒྱུར་བྱེད་དགོས་བྱུང་། ཡིན་ནའང་བདེ་ཐང་སླར་གསོ་ཐུབ་མ་ཐག་ཁོང་གིས་རང་འགུལ་ངང་ཕུ་མ་བྱང་ཐང་དུ་ལས་ཀར་བསྐྱོད་རྒྱུའི་འདུན་པ་ཞུས།
         “རྫོང་དུ་སླེབས་རྗེས་ཕུ་མ་བྱང་ཐང་གི་མང་ཚོགས་མང་པོ་ཞིག་གིས་ལ་བརྒྱབ་ཀླུང་བརྒལ་བྱས་ནས་ངའི་སར་ནད་གཞི་ལྟ་བར་ཡོང་གི་ཡོད་པས་ངའི་བསམ་པར་ཁོང་ཚོ་ང་དང་ཁ་བྲལ་ཐབས་མེད་སྙམ་གྱི་འདུག”ཅེས་ཚེ་བརྟན་གྱི་སྐད་ཆ་དེ་དག་བབ་ཆགས་ལ་སེམས་འགུལ་ཐེབས་པ་ཞིག་འདུག
         ངས་ཕུ་མ་བྱང་ཐང་སློབ་ཆུང་དུ་བསྐྱོད་རྒྱུའི་འདུན་པ་ཞུ་སྐབས་བཟའ་ཟླས་མོས་མཐུན་གཏན་ནས་བྱེད་ཀྱི་མིན་འདུག་པས་ངས་ཁོང་ལ་ལོ་གཅིག་བསྡད་ནས་ཡོང་གི་ཡིན་ཞེས་རྫུན་བཤད་པ་ཡིན། ཤང་སློབ་ཆུང་གི་ཞའོ་ཀྲང་མི་འགྱུར་གྱིས་བཟའ་ཟླར་ལོ་བཞི་མགོ་སྐོར་གཏོང་དོན་ནི་གཙོ་བོ་ཕུ་མ་བྱང་ཐང་དུ་སྡོད་རྒྱུའི་ཆེད་དུ་ཡིན།
         མི་འགྱུར་གྱིས་བཟའ་ཟླར་རྫུན་ཐེངས་མང་ཤོད་མྱོང་། འོན་ཀྱང་ཁོང་ལ་དགའ་འོས་པ་ཞིག་ནི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་དཔྱད་དཔོག་དེ་སྔའི་རྫོང་ཡོངས་ཀྱི་མཇུག་ཏུ་མ་ལུས་པ་དེ་ཡིན།
         “གསོ་རླུང་དཀོན་པས་མཚན་གང་མགོ་བོ་ན་ནས་གཉིད་མི་ཁུག་པའི་སྐབས་སུ་ལས་འཁྱུར་དགོངས་ཞུ་བྱ་རྒྱུའི་བསམ་བློ་འཁོར་གྱི་འདུག་བུ་མོས་ཁ་པར་བརྒྱབ་ནས་པཱ་ལགས་ཁྱེད་རང་ག་དུས་ང་ལ་ལྟ་བར་ཕེབས་མཁན་ཡིན་ནམ་ཞེས་ཤོད་སྐབས་ལས་འཁྱུར་དགོངས་ཞུ་བྱ་རྒྱུའི་བསམ་བློ་འཁོར་གྱི་འདུག་ལ་རང་ཉིད་ཀྱིས་འབད་བརྩོན་ཡོད་ཚད་བྱས་ཀྱང་ད་དུང་སྐྱོན་བརྗོད་བྱེད་པའི་སྐབས་སུའང་བསམ་བློ་དེ་ལྟར་འཁོར་གྱི་འདུག”ཅེས་ཚེ་རིང་རྒྱ་མཚོས་བཤད། ཁོང་འདི་ལོ་ལོ་28ཡིན་རུང་གདོང་ལ་བལྟས་ཚེ་ལོ་50ཙམ་ལ་སླེབས་པ་ལྟར་སྣང་། རྟག་ཏུ་ལས་འཁྱུར་དགོངས་ཞུ་བྱེད་ཀྱི་ཡིན་ཞེས་བརྗོད་མཁན་ལས་བྱེད་པ་དེས་དེ་ནས་ཁ་བྲལ་བའི་གོ་སྐབས་མང་པོ་ཞིག་བློས་གཏོང་བྱས།
         “གཞན་གྱིས་རྟག་ཏུ་ང་ལ་རང་ཉིད་གཟུགས་པོ་ཐང་པོ་མེད་པར་ད་དུང་གཞན་ལ་ནད་གཞི་ལྟ་གི་འདུག་ཅེས་ཟུར་ཟ་བྱེད་ཀྱི་ཡོད། འོན་ཀྱང་ངའི་བསམ་པར་དེ་ནི་རང་ཉིད་ཀྱི་རིན་ཐང་ཞིག་རེད་སྙམ་གྱི་འདུག གལ་སྲིད་ང་དེ་གར་མེད་ན་མང་ཚོགས་ཚོ་ནད་གཞི་ལྟ་སྐབས་རླངས་འཁོར་གླས་ནས་རྫོང་དུ་བསྐྱོད་དགོས་པས་གཅིག་ནས་ནད་གཞི་འཐུས་ཤོར་སོང་བ་དང་གཉིས་ནས་འགྲོ་གྲོན་ཧ་ཅང་ཆེན་པོ་རེད”ཅེས་པའི་ཚེ་རིང་རྒྱ་མཚོའི་སྐད་ཆ་དེ་ནི་བབ་ཆགས་ལ་སེམས་འགུལ་ཐེབས་དགོས་པ་ཞིག་འདུག
         ངར་ལྕགས་ལྟར་གྱི་སྙིང་སྟོབས་ལ་བརྟེན་ནས་དཀའ་ཚེགས་ཆེ་བའི་ཆ་རྐྱེན་ལ་འགྲན་སློང་བྱས་པ་དང་། ཕུ་མ་བྱང་ཐང་གི་ས་གཞི་དང་དེ་གའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ལེགས་སྐྱེས་འབུལ་མཁན་ཏེ། གཞི་རིམ་ལས་བྱེད་པ་དེ་དག་ལ་ལྡན་པའི་སྟོབས་ཤུགས་གོང་བུ་གཅིག་ཏུ་བསྒྲིལ་བའི“ཕུ་མ་བྱང་ཐང་གི་སྙིང་སྟོབས”དེ་ས་གཞི་དེའི“ཕ་ནོར”ལྟ་བུར་གྱུར་ཡོད།
         དེ་སྔའི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་མཁན་ཚེ་རིང་ནོར་བུས་2006ལོའི་ཟླ་2པར་རང་འགུལ་ངང་ཕུ་མ་བྱང་ཐང་དུ་ལོ་བདུན་ལས་ཀ་བྱ་རྒྱུའི་འདུན་པ་ཞུས། ཁོང་ལ་ས་མཐོའི་སྙིང་ནད་དང་། ཁྲག་མང་ནད། གྲུམ་བུའི་ནད་སོགས་ཕོག་རུང་ཉིན་གཅིག་ཀྱང་ངལ་གསོ་རྒྱག་མྱོང་མེད།
         དགེ་འོས་སློབ་ཆེན་ཐོན་པའི་ཡོན་ཏན་གྱིས་2003ལོར་ཕུ་མ་བྱང་ཐང་སློབ་ཆུང་དུ་དགེ་རྒན་བྱ་རྒྱུའི་འདུན་པ་ཞུས། ལོ་8རྗེས་སུ་ཁ་བྲལ་སྐབས་མྱོང་ཚོར་ཆེན་པོའི་སྒོ་ནས“ང་རང་དེ་གའི་གཅེས་པར་འོས་པའི་ཕྲུ་གུ་ཚོར་དགའ་པོ་ཡོད་ལ་ངས་འཚོ་བའི་སྤྲོ་སྣང་ཚོར་ཐུབ་བྱུང”ཞེས་བཤད།
         རླབས་ཆེན་གྱི་སྙིང་སྟོབས་དེ་རིགས་ཀྱི་སྐུལ་ལྕག་འོག་ཏང་ཡོན་ལས་བྱེད་པ་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ངང་དེ་གར་རང་འགུལ་ངང་མིང་ཐོ་འགོད་པར་ཡོང་གི་ཡོད།
         ཤང་ཀྲང་སྐལ་བཟང་མཆོག་ལགས་ཀྱིས་དེ་སྔོན་ས་བབ་བལྟོས་བཅས་ཀྱིས་དམའ་བ་དང་འགྲིལ་འགྲུལ་སྟབས་བདེ་བའི་ལྷུན་པོ་ཞོལ་ཤང་དུ་ཤང་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རེན་གྱི་འགན་འཁུར་བ་དང་། 2014ལོར་ཁོང་གིས་རང་འགུལ་ངང་ཕུ་མ་བྱང་ཐང་དུ་ལས་ཀ་བྱེད་རྒྱུའི་འདུན་པ་ཞུས། ཁོང་གིས“བཟའ་ཟླས་གནས་ཚུལ་དེ་ཐོས་རྗེས་སེམས་སྡུག་ཆེན་པོས་ངུ་གི་འདུག གཙོ་བོ་ང་ལ་ས་མཐོའི་ནད་གཞི་ཕོག་ཉེན་གྱི་སེམས་ཁྲལ་བྱེད་ཀྱི་ཡོད། འོན་ཀྱང་ང་དཀའ་ཚེགས་ཆེ་བའི་ས་ཆར་སྦྱོང་བརྡར་བྱེད་འདོད་འདུག”ཅེས་བཤད།
         འདི་ལོ་ལོ་24ལ་སླེབས་པའི་སྐལ་བཟང་ཆོས་འཕེལ་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཞིག་ཡིན། “མ་གཞི་བྱས་ན། ཆ་རྐྱེན་དེ་བས་ལེགས་པའི་ས་ཆར་ལས་ཀ་བྱས་ན་འགྲིག་མོད། འོན་ཀྱང་ངས་རང་འགུལ་ངང་ཕུ་མ་བྱང་ཐང་དུ་ལས་ཀ་བྱེད་རྒྱུའི་འདུན་པ་ཞུས་པ་ཡིན། ངའི་བསམ་པར་དཀའ་ཚེགས་ཆེ་བའི་ས་ཆར་མི་ལ་སྦྱོང་བརྡར་དེ་བས་ལེགས་པ་སྤྲོས་ཐུབ་པ་དང་མི་རྣམས་ལ་བདེ་སྐྱིད་ཀྱི་དོན་སྙིང་དེ་བས་ཚོར་ཐུབ་སྙམ་གྱི་འདུག”ན་ནིང་ཟླ་10པར་སྐལ་བཟང་ཆོས་འཕེལ་གྱིས་ཐག་རིང་ལུང་ཁུག་གངས་པོ་ཕུ་རུ་རིམས་འགོག་སྨན་ཁབ་རྒྱག་པར་སྐྱོད་སྐབས་ལམ་ཕྱེད་དུ་འབྱོར་སྐབས་གཞུང་ལམ་འཁྱག་པ་བརྒྱབ་ནས་རྐང་ཐང་མར་ཆུ་ཚོད་6བསྐྱོད་དགོས་བྱུང་། གྲོང་ཚོའི་མི་སེར་ཚོས་ཇ་བསྲུབས་མ་དང་ལུག་ཤས་ཁོང་ལ་སྣེ་ལེན་ཞུས།
         “ལུས་པོས་ལྕོགས་ན་ངས་དེ་གར་མུ་མཐུད་ལས་ཀ་བྱེད་རྩིས་ཡོད། ཁ་གྱེས་སྐབས་ལི་ཞའོ་ཧྭས་གསར་འགོད་པར་ལག་པ་གཡུག་གཡུག་བྱས་ནས་མིག་ནང་མཆི་མས་ཁེངས”
         ས་བབ་མཐོ་ཤོས་ཀྱི་ཤང་སྲིད་གཞུང་དེ་ནས་ཁ་གྱེས་སྐབས་གསར་འགོད་པས་ངོ་མཚར་ཆེ་བའི་གངས་ལྗོངས་ས་མཐོའི་སྟེང་དམར་མདངས་བཀྲ་བའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་མཐོང་།
      

    ཕྱོགས་བསྡུས་གསར་འགྱུར།