འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གིས་《ཤིན་ཅང་གི་ནུས་ཁུངས་ལོ་འཁོར་གྱི་སྙན་ཞུ་》འགྲེམས་སྤེལ་ཐེངས་དང་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་07ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་སྒྲིག་བཟོ་འགྲེམས་སྤེལ་བྱས་པའི་《ཤིན་ཅང་གི་ནུས་ཁུངས་ལོ་འཁོར་གྱི་སྙན་ཞུ་(2014)》(གཤམ་དུ་བསྡུས་མིང་དུ་《སྙན་ཞུ་》)ཞེས་བརྗོད་རྒྱུ། ནང་མངོན་པར་གཞིགས་ན། 2014ལོའི་ལོ་མཇུག་བར་ཤིན་ཅང་དུ་རྩད་ཆོད་ཐུབ་པའི་རྡོ་སྣུམ་གསོག་ཚད་ཏུན་དུང་ཕྱུར་56དང་རང་བྱུང་སོལ་རླངས་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་དུང་ཕྱུར་1.4ཟིན་པ་དེ་རྒྱལ་ཡོངས་ཀྱི་ཨང་དང་པོ་རེད།
         དེ་ནི་ཤིན་ཅང་གིས་སྒྲིག་བཟོ་འགྲེམས་སྤེལ་ཐེངས་དང་པོ་བྱས་པའི་ནུས་ཁུངས་ཁྱབ་ཁོངས་ཀྱི་ལོ་འཁོར་སྙན་ཞུ་ཡིན་ཞིང་། སླད་ཕྱིན་རང་སྐྱོང་ལྗོངས་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན་གྱིས་ལོ་ལྟར་དུས་བཀག་བཞིན་རང་སྐྱོང་ལྗོངས་ཀྱི་ནུས་ཁུངས་ལོ་འཁོར་སྙན་ཞུ་སྒྲིག་བཟོ་འགྲེམས་སྤེལ་བྱ་རྒྱུ་ཡིན་པ་རེད།
         《སྙན་ཞུའི་》ནང་མངོན་པར་གཞིགས་ན། ཤིན་ཅང་གི་ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། རྡོ་སོལ་དང་། རྡོ་སྣུམ། རང་བྱུང་སོལ་རླངས། རླུང་ནུས། ཉི་འོད་ནུས་པ་སོགས་ཐོན་ཁུངས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་ཡོད་པས་དེ་ནི་རྒྱལ་ཁབ་ཀྱི་སྣུམ་རླངས་ཐོན་སྐྱེད་ལས་སྣོན་དང་གསོག་འཇོག་རྟེན་གཞི་ཆེ་གྲས་དང་། རྡོ་སོལ་དང་། སོལ་གློག རྫས་འགྱུར་བཟོ་ལས་རྟེན་གཞི་ཆེ་གྲས། རླུང་གློག་རྟེན་གཞི་ཆེ་གྲས། རྒྱལ་ཁབ་ནུས་ཁུངས་ཐོན་ཁུངས་ཀྱི་སྐམ་སའི་ལམ་ཆེན་བཅས་ཡིན་ཞིང་། རྒྱལ་ཡོངས་ཀྱི་ནུས་ཁོངས་མཁོ་སྤྲོད་ཆགས་སྟངས་ནང་གི་ཤིན་ཅང་གི་གནས་བབ་གཏན་འཁེལ་རགས་ཙམ་བྱུང་ཡོད།
         ལོ་60རིང་ཤིན་ཅང་གི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་ཐོན་ཁུངས་རྩད་གཅོད་དང་། གསར་སྤེལ། བེད་སྤྱོད་བཅས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་2014ལོར་རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཀྱི་སྤྱིའི་ཐོན་ཚད་རིན་ཐང་སྒོར་དུང་ཕྱུར་3852.44ཟིན་ཡོད་པ་དེ་2009ལོ་ལས་96%འཕར་ཡོད།
         རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཕེང་ཅིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཀྲུང་དབྱང་གི་ཤིན་ཅང་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་དང་《ཤིན་ཅང་གི་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གཉིས་པའི་འཆར་འགོད་ལྔ་པ་》ལག་ལེན་བསྟར་བ་དང་ཆབས་ཅིག ཤིན་ཅང་གིས་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་བ་སྟེ། ནུབ་རླངས་ཤར་འདྲེན་གྱི་འཐབ་ས་དང་པོ་དང་གཉིས་པའི་ལས་གྲྭ་དང་། ཀྲུང་ཧྭའི་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་ལས་གྲྭ ནུབ་རྒྱུད་མ་བཅོས་རྡོ་སྣུམ་གྱི་མདོང་ལམ་དང་བཅོས་སྣུམ་གྱི་མདོང་ལམ་བཅས་བསྐྲུན་ནས་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་ཤིན་ཅང་དེ་རྒྱལ་ཁབ་སྐམ་སའི་ཐོག་གི་ནུས་ཁུངས་བདེ་འཇགས་ཀྱི་བགྲོད་ལམ་ཆེན་པོ་ཡིན་པ་རགས་ཙམ་ཆགས་ཡོད།
         མིག་སྔར་ཤིན་ཅང་གི་རྡོ་སྣུམ་དང་རྫས་འགྱུར་བཟོ་ལས་ལས་རིགས་ཀྱིས་ཁྲོམ་ཞུགས་ཀུང་སི་ཁག་9གསོ་སྦྱོང་དང་འཕེལ་རྒྱས་བཏང་བ་དང་། ཁེ་ལས་ཆེ་འབྲིང་གིས་ཞིབ་འཇུག་གསར་སྤེལ་ལྟེ་གནས་དང་ནུས་རྒྱུ་བསྲི་ཚགས་ལྟེ་གནས་བཙུགས་ཡོད། མ་བཅོས་རྒྱུ་ཆ་ཡིན་པའི་རྡོ་སྣུམ་རྫས་འགྱུར་བཟོ་ལས་དང་འཕྲུལ་འཁོར་བཟོ་སྐྲུན། ངར་ལྕགས། འགྲིམ་འགྲུལ། འཁལ་འཐག བཟོ་སྐྲུན་རྒྱུ་ཆ། ཡང་བའི་བཟོ་ལས་སོགས་འབྲེལ་ཡོད་ཐོན་ལས་གཅིག་སྡུད་ཅན་གྱི་རྣམ་པ་ཕྱོགས་ཡོངས་ནས་ཆགས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།