འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལོ་རྒྱུས་རིག་པའི་དུས་མཚམས་དབྱེ་ཚུལ་ལ་གསར་དུ་དཔྱད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་29ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
              ནང་དོན་གནད་བསྡུས།  འདིར་མཁས་པ་སྔ་མ་དག་གིས་བོད་ཀྱི་ལོ་རྒྱུས་རིག་པའི་དུས་མཚམས་དབྱེ་ཚུལ་གྱི་བཞེད་པ་སྣ་ཚོགས་ལ་དཔྱད་སྡུར་བགྱིས་པ་བརྒྱུད།  བོད་ཀྱི་ལོ་རྒྱུས་རིག་པ་བྱུང་ཞིང་འཕེལ་བའི་ལོ་རྒྱུས་དངོས་ཀྱི་ཚུལ་ཇི་ལྟ་བ་ལ་གཞིགས་ནས།  བོད་ཀྱི་ལོ་རྒྱུས་རིག་པའི་བྱུང་འཕེལ་དེ་དུས་རིམ་གསུམ་དུ་ཕྱེས་ནས་དཔྱད་ཡོད། 
           བརྡ་ཆད་གཙོ་བོ།  ལོ་རྒྱུས།  ལོ་རྒྱུས་རིག་པ།  དུས་མཚམས། 
           དེ་ཡང་ལོ་རྒྱུས་རིག་པ་ཞེས་པའི་མིང་བརྡ་འདི་ནི་ཕྱི་ནས་དར་བའི་གསར་བྱུང་ཐ་སྙད་ཅིག་ཡིན་ལ།  དེ་ནི་རྒྱ་ཡིག་གི་“历史学”ཞེས་པ་ནས་ཚུར་འགྱུར་བ་ཞིག་ཡིན་པར་ངེས ་སོ།།  འོ་ན་རང་རེ་ལ་མིང་བརྡ་དེ་དང་ཁ་ལེགས་པར་འཕྲོད་པའི་རིག་པའི་རྣམ་གཞག་ཅིག ་ཡོད་དམ་ཞེ་ན།  དེ་ལ་བསམ་པར་བྱ་བ་འདི་ཡོད་དེ།  སྤྱིར་ལོ་རྒྱུས་རིག་པ་ཞེས་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ལོ་རྒྱུས་ཀྱི་འཕེལ་རིམ་དང་དེའི་ཆོས་ཉིད་ལ་ཞིབ་འཇུག་དང་རྣམ་པར་བཤད་པའི་དོན་དངོས་ཁུངས་སྐྱེལ་གྱི་ཚན་རིག་ཅིག་ ① ཏུ་རྒྱའི་ཡིག་ཆ་ཁག་ཏུ་གསལ་ལ།  དེར་མཐུན་གྱི་ལོ་རྒྱུས་རིག་པ་ཞིག་བོད་དུ་དར་མེད་པ་མངོན་པར་གསལ་ལ།  འདིར་བསྟན་གྱི་ལོ་རྒྱུས་རིག་པ་ཞེས་པ་ནི།  མཁས་དབང་ཧྥུའུ་སི་ཉེན(傅斯年)མཆོག་གི་ཞལ་ནས།  ཉེ་རབས་ཀྱི་ལོ་རྒྱུས་རིག་པ་ནི་ལོ་རྒྱུས་རྒྱུ་ཆ་རིག་པ་འབའ་ཞིག་སྟེ།  རང་བྱུང་ཚན་རིག་གིས་མཁོ་འདོན་བགྱིས་པའི་ལག་ཆ་མཐའ་དག་སྤྱད་ནས་གསར་དུ་རྙེད་པའི་ལོ་རྒྱུས་རྒྱུ་ཆ་ཡོད་ཚད་དག་སྒྲིག་བྱ་བ་དེའོ། །  ཞེས་དང་།  ལོ་རྒྱུས་རིག་པའི་བྱ་བ་ནི་ལོ་རྒྱུས་རྒྱུ་ཆ་དག་སྒྲིག་བྱ་རྒྱུ་དེའོ། །  ཞེས་དང་།  ལོ་རྒྱུས་རིག་པ་ནི་ལོ་རྒྱུས་རྒྱུ་ཆ་རིག་པ་ལའོ། །  ② ཞེས་སུ་གསུངས་པ་དེ་བཞིན་དུ་རང་རེའི་ལོ་རྒྱུས་ཀྱི་ཉམས་དཔྱོད་མཁན་པོ་དག་གིས་ཀྱང་གོ་བ་དེའི་སྟེང་ནས་བོད་ཀྱི་ལོ་རྒྱུས་རིག་པ་བཤད་པར་ངེས་ལ།  དེ་ལ་དུས་མཚམས་དབྱེ་ཚུལ་ཡང་སྣ་ཚོགས་སུ་བཞེད་དོ། ། 
           བོད་ཀྱི་ལོ་རྒྱུས་རིག་པ་བྱུང་ཞིང་འཕེལ་བའི་ལོ་རྒྱུས་ཞིབ་མོར་བརྗོད་པའི་ཤིང་རྟ་བ་ནི་རྒན་སུང་ལིན་(孙林)གྱིས་མཛད་པའི་བོད་ཀྱི་ལོ་རྒྱུས་རིག་པའི་ལོ་རྒྱུས་ཀྱི་སྤྱི་དོན་(《藏族史学发展史纲要》)ཞེས་པར་བོད་ཀྱི་ལོ་རྒྱུས་རིག་པའི་བྱུང་འཕེལ་དེ་དུས་མཚམས་དྲུག་ཏུ་ཕྱེས་ཡོད་དེ།  དུས་རིམ་དང་པོ་ནི་བོད་བཙན་པོའི་དུས་སྐབས།  དུས་རིམ་གཉིས་པ་ནི་སྨད་སིལ་འཐོར་གྱི་དུས་སྐབས། དུས་རིམ་གསུམ་པ་ནི་ཡོན་མིན་རྒྱལ་རབས་ཀྱི་དུས་སྐབས། དུས་རིམ་བཞི་བ་ནི་ཆིང་རྒྱལ་རབས་ཀྱི་དུས་སྐབས། དུས་རིམ་ལྔ་བ་ནི་ཀྲུང་ཧྭ་མིན་གོའི་དུས་སྐབས།  དུས་རིམ་དྲུག་པ་ནིམ༡༩༤༩ལོར་ཀྲུང་གོ་གསར་བ་དབུ་བརྙེས་པ་ནས་ད་ལྟའི་དབར་རོ། ། 
            ཆོས་འཕེལ་གྱིས་བྲིས་པའི་བོད་དུ་དར་བའི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དང་དེའི་ཁྱད་ཆོས་སྐོར་རགས་ཙམ་གླེང་བ་ཞེས་པར་དུས་མཚམས་བཞིར་ཕྱེས་ཡོད་དེ།  བོད་བཙན་པོའི་དུས་རབས་ཀྱི་ལོ་རྒྱུས་རིག་པ།(བོད་དུ་ལོ་རྒྱུས་རིག་པ་ཐོག་མར་དར་བའི་དུས་རིམ) སིལ་བུའི་དུས་སྐབས་ཀྱི་ལོ་རྒྱུས་རིག་པ།(གོང་དུ་འཕེལ་བའི་དུས་རིམ) ས་ཕག་རིན་གཙང་དུས་སྐབས་ཀྱི་ལོ་རྒྱུས་རིག་པ།(གནད་སྨིན་འཐུས་ཚང་དུ་འཕེལ་བའི་དུས་རིམ) དགའ་ལྡན་ཕོ་བྲང་པའི་དུས་སྐབས་ཀྱི་ལོ་རྒྱུས་རིག་པ(འཕེལ་རྒྱས་ཀྱི་རྩེ་མོ་ནས་རིམ་བཞིན་འཕེལ་ཚད་འགོར་དལ་དུ་འགྲོ་བའི་དུས་རིམ)བཅས་སོ། ། 
            གཞན་ཡང་དེ་མཚུངས་ཀྱི་དུས་མཚམས་དབྱེ་ལུགས་ཡོད་ཀྱང་རེ་རེ་བཞིན་འགོད་པའི་དགོས་པ་མ་མཆིས་ལ།  འདིར་གོང་གསལ་གྱི་དཔྱད་འབྲས་གཞིར་བཅས་ནས་རང་ལུགས་མདོ་ཙམ་བཀོད་ན།  བོད་ཀྱི་ལོ་རྒྱུས་རིག་པ་ལ་སྤྱིའི་ཆ་ནས་རབ་དབྱེ་ཆེན་པོ་གཉིས་སུ་ངེས་པ་ལ།  བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དང་།  བོད་ཀྱི་དེང་རབས་ལོ་རྒྱུས་རིག་པ་གཉིས་སོ། །  སྔ་མ་ནི་ཕྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་ནས་ཕྱི་ལོ་དུས་རབས་ཉི་ཤུ་བའི་དུས་དཀྱིལ་བར་ཡིན་ལ།  ཕྱི་མ་ནི་ཕྱི་ལོ་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་ད་ལ་ཐུག་པའི་དབར་དུ་ཡིན་ནོ། །  དེས་ན་འདིར་བོད་ཀྱི་སྲོལ་རྒྱུན་ལོ་རྒྱུས་རིག་པ་དང་དེང་རབས་ལོ་རྒྱུས་རིག་པ་གཉིས་ཀྱི་དབྱེ་མཚམས་འབྱེད་བྱེད་ཀྱི་བསྟན་བཅོས་ནི་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས་མཛད་པའི་བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ་ཡིན་ལ།  འབྲོང་བུ་ཚེ་རིང་རྡོ་རྗེའི་བསམ་གཞིག་གསར་པའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ་ཞེས་པའི་དཔྱད་རྩོམ་དུ། དེབ་དཀར་བརྩམས་གནང་བ་ནས་བཟུང་བོད་ཀྱི་ལོ་རྒྱུས་དེ་ལྷ་སྒྲུང་གི་འཁྲུལ་གཞི་ལས་བྲལ་ཏེ་མིའི་རིགས་ཀྱི་འཕེལ་ཕྱོགས་དངོས་དང་མཐུན་པའི་ཤེས་རིག་གི་ལམ་བུའི་སྟེང་སྐྱོད་འགོ་ཚུགས་པ་རེད།  ③ ཅེས་གདེང་འཇོག་དོན་མཐུན་གནང་ཡོད་ལ་དོན་དུའང་དེ་ལྟར་ལགས་སོ། །  གཞན་ཡང་དེབ་དཀར་བརྩམས་པ་ནས་བོད་ཀྱི་ལོ་རྒྱུས་རིག་པ་གསར་བའི་སྲོལ་ཕྱེས་པར་གྲགས་པ་དེས་ཀྱང ་དེབ་དཀར་གྱི་རིན་ཐང་མངོན་པར་མཐོང་ངོ་། ། 
    གོང་གསལ་གྱི་བོད་ཀྱི་ལོ་རྒྱུས་རིག་པ་དུས་མཚམས་དྲུག་དང་དུས་མཚམས་བཞིར ་སྨྲ་བ་གང་ལ་མཚོན་ནའང་སྲིད་དོན་ལོ་རྒྱུས་གཙོར་བཟུང་བ་ལས་ལོ་རྒྱུས་རིག་པ་རང་ངོས ་ནས་བྱུང་ཞིང་འཕེལ་བའི་ཁྱད་ཆོས་དངོས་ལ་གཞིགས་མེད་པའི་སྣང་ཚུལ་བདོག་པས།  ཁོ་བོས་དེ་འབྲེལ་གྱི་དཔྱད་པ་དང་ལོ་རྒྱུས་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་དངོས་ཀྱི་ཁྱད་ཆོས་ལ་བརྟེན་ནས།  བོད་ཀྱི་ལོ་རྒྱུས་རིག་པའི་བྱུང་འཕེལ་དེ་དུས་རིམ་གསུམ་དུ་ཕྱེས་ཡོད་པ་རིམ ་པར་བརྗོད་ན། 
            དུས་རིམ་དང་བོ་ནི་ཕྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་ནས་དུས་རབས་བཅུ ་གཅིག་པའི་དབར་ཡིན།  དུས་རིམ་འདིར་བོད་ཀྱི་ལོ་རྒྱུས་བརྗོད་པའི་བསྟན་བཅོས་བྱུང་མེད་ཚོད་རེད་ལ།  གཙོ་ཆེར་བོད་བཙན་པོའི་སྐབས་སུ་བཞེངས་པའི་རྡོ་རིང་གི་ཡི་གེ་སོགས་ཀྱིས་མཚོན་པ་དང་།  བོད་ཀྱི་ལོ་རྒྱུས་དོན་ཆེན་གནད་བསྡུས་ཀྱིས་མཚོན་པའི་ཏུན་ཧོང་གཏེར་ཡིག་ལས་བོད་ཀྱི་ལོ་རྒྱུས་དང་འབྲེལ་ཡིག་ཆ་བྱུང་ཡོད་དོ། ། 
    དུས་རིམ་གཉིས་པ་ནི་ཕྱི་ལོ་དུས་རབས་བཅུ་གཉིས་པ་ནས་དུས་རབས་ཉི་ཤུ་བའི་དུས་དཀྱིལ་དབར་ཡིན་ལ།  དུས་རིམ་འདིར་མཁས་ཆེན་ན་རིམ་གྱིས་ཆོས་འབྱུང་བསྟན་བཅོས་འབོར་ཆེན་བརྩམས་ཡོད་ལ།  དེ་དག་ཏུ་སངས་རྒྱས་ཆོས་ཀྱི་བྱུང་བ་གཙོ་བོར་བརྗོད་པ་གཞིར་བཅས་ཤིང་བོད་བཙན་པོའི་རྒྱལ་རབས་ནི་ཡན་ལག་ཙམ་དུ་ཟད་དོ། ། 
            དུས་རིམ་གསུམ་པ་ནི་ཕྱི་ལོ་དུས་རབས་ཉི་ཤུ་བའི་དུས་དཀྱིལ་ནས་ད་ལ་ཐུག་པའི ་དབར་ཡིན་ལ།  ཕྱི་ལོ༡༩༤༥ལ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་བརྩམས་པ་ནས་བོད་ཀྱི་ལོ་རྒྱུས་རིག་པ་གསར་བའི་དུས་རབས་སུ་ཞུགས་ཤིང་།  བོད་ཀྱི་ལོ་རྒྱུས་དེ་ལྷ་སྒྲུང་གི་འཁྲུལ་གཞི་ལས་བྲལ་ཏེ་མིའི་རིགས་ཀྱི་འཕེལ་ཕྱོགས་དངོས་དང་མཐུན་པའི་ཤེས་རིག་གི་ལམ་བུའི་སྟེང་སྐྱོད་འགོ་ཚུགས་པ་རེད་ཅེས་པ་ཇི་ལྟ་བ་དེ་བཞིན་ནོ། །  ༼རིག་ཚན་སྐྱབས། མཚོ་སྔོན་པོ་དྲ་བ་ལས་༽
    ལུང་ཁུངས་དང་དཔྱད་གཞིའི་ཡིག་ཆ། 
    ① 马卫东,历史学理论与方法,北京师范大学出版社,2009年3月   P11
    ②马卫东,历史学理论与方法,北京师范大学出版社,2009年3月   P1O
    ③ འབྲོང་བུ་ཚེ་རིང་རྡོ་རྗེ།  བསམ་གཞིག་གསར་བའི་ལོ་རྒྱུས་ལྟ་ཚུལ་གྱི་སྲོལ་འབྱེད་པ།  ༢༠༡༤ལོའི་བོད་ལྗོངས་ཞིབ་འཇུག་དེབ་གསུམ་པ། 
    ④ 庞卓恒 李学智 吴英,史学概论,高等教育出版社,2006年3月
    ⑤ 瞿林东著《中国史学史纲》,北京师范大学出版社,北京,2010年1月
      

    ཕྱོགས་བསྡུས་གསར་འགྱུར།