འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཝུའུ་དབྱིང་ཅེས་འབྲི་རུ་རྫོང་བན་དཀར་དགོན་གྱི་དགེ་འདུན་པའི་འཐུས་མིར་མཇལ་
    འཕྲད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           ཟླ་12ཚེས་23ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་ལྷ་སར་ནག་ཆུ་ས་ཁུལ་འབྲི་རུ་རྫོང་བན་དཀར་དགོན་གྱི་དགེ་འདུན་པའི་འཐུས་མི་ཕུན་གྲགས་ལ་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་རེད། 
           ཕུན་གྲགས་ནི་ཝུའུ་དབྱིང་ཅེས་2013ལོའི་ལོ་མཇུག་ཏུ་ནག་ཆུ་ས་ཁུལ་འབྲི་རུ་རྫོང་བན་དཀར་ཤང་བན་དཀར་དགོན་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཞི་མཐུན་འབྲི་རུ་གཏོད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོར་བརྟག་ཞིབ་གནང་སྐབས་ངོ་ཤེས་པའི་གྲོགས་པོ་བཟང་པོ་ཞིག་རེད། མཇལ་འཕྲད་གནང་སྐབས་ཝུའུ་དབྱིང་ཅེས་ཕུན་གྲགས་དང་གྲལ་གཤིབ་ངང་བཞུགས་ནས་གླེང་མོལ་གནང་བ་རེད། 
          ཕུན་གྲགས་ཀྱིས་ཝུའུ་དབྱིང་ཅེར་ལོ་དེ་དག་ནང་ཧྲུའུ་ཅི་ཁྲེན་ཆོན་གོས་པན་ཀྲང་གནང་བའི་ལྗོངས་ཏང་ཨུད་ཀྱིས་དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་ནས་ལྗོངས་ཡོངས་ཀྱི་དགོན་སྡེར“དྲུག་བསྐྲུན”དང“གཅིག་དྲུག”“ཡོད་པ་དགུ”སོགས་ཀྱི་ལས་དོན་ཤུགས་ཆེན་སྤེལ་བ་བརྒྱུད་སྨན་བཅོས་འགན་བཅོལ་དང་། རྒན་གསོའི་འགན་བཅོལ། མ་མཐའི་འཚོ་བ་འགན་ལེན། མི་ལུས་ལ་བསམ་ཡུལ་ལས་འདས་པའི་གནོད་འཚེ་ཕོག་པའི་འགན་བཅོལ་སོགས་ཁྱོན་ཡོངས་ལ་ཁྱབ་སྟེ་རྒྱ་ཆེའི་གྲྭ་བཙུན་ཚོའི་ཁས་ལེན་དང་གདེང་འཇོག་ཡག་པོ་ཐོབ་ཡོད་ཅེས་ཞུས་ཤིང་། ཕུན་གྲགས་ཀྱིས་ན་ནིང་ཟླ་ལྔ་པར་ཧྲུའུ་ཅི་ཁྲེན་ཆོན་གོས་ཆེད་མངགས་བན་དཀར་དགོན་གྱི་དགེ་འདུན་པ་ཚོར་ཕྱག་ཡིག་བསྐུར་ནས་ང་ཚོར་རྒྱལ་གཅེས་ཆོས་གཅེས་དང་། སྒྲིག་བཀུར་ཁྲིམས་སྲུང་། དགེ་སྤེལ་སྐྱོན་སྤངས། ཐོས་བསམ་སྒོམ་གསུམ་ལ་གཞོལ་བ། ཞི་མཐུན་སྲུང་སྐྱོང་། སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་པའི་ལྕག་སྐུལ་བཏང་གནང་ཡོད། འདི་ལོའི་ཟླ་དང་པོར་ཁྲེན་ཆོན་གོས་སླར་ཡང་ང་ལ་བྱམས་རྩེའི་ངང་མཇལ་འཕྲད་གནང་བ་མ་ཟད། ང་ལ་སྤྱི་དམངས་ཀྱི་འོས་འགན་དང་སྤྱི་ཚོགས་ཀྱི་འགན་འཁྲི་རང་རྟོགས་ངང་ལག་ལེན་བསྟར་ཏེ་དད་ལྡན་མང་ཚོགས་དང་སྤྱི་ཚོགས་ལ་བདེ་སྐྱིད་བསྐྲུན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ལྕག་སྐུལ་གནང་བྱུང་། རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུའུ་དབྱིང་ཅེས་བན་དཀར་དགོན་དུ་བརྟག་ཞིབ་གནང་བར་ཕེབས་སྐབས་ད་དུང་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གནང་ནས་དགོན་སྡེ་དེའི་ཐང་ག་འབྲི་རྩལ་དེ་མངོན་མིན་རིག་གནས་ཤུལ་བཞག་ནང་་འཇུག་རྒྱུའི་ཡིག་ཐོག་སྙན་ཞུ་འབུལ་རོགས་བྱས་ཏེ་བན་དཀར་དགོན་གྱི་ཐང་ག་འབྲི་རྩལ་རྒྱུན་འཛིན་གོང་འཕེལ་ཡོང་བར་སྐུལ་མ་ནུས་ལྡན་ཐེབས་པས་དགོན་པ་དེ་ཡོངས་ཀྱི་གྲྭ་པ་ཚོས་སྙིང་དབུས་ནས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ་རེད། ད་ཆ་འབྲི་རུ་རྫོང་དུ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ་དང་བན་དཀར་དགོན་དུ་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་གཙོ་འཛིན་གྱི་སྐུ་པར་མཐོན་པོར་བཀལ་ནས་དགོན་པའི་གྲྭ་པ་ཡོངས་ཀྱིས་ནང་ཆོས་ཉམས་ལེན་ཡག་པོ་བྱེད་པ་དང་དུས་མཚུངས་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེ་རིགས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་ཧུར་ཐག་བྱས་ཏེ་སྡིག་སྤོང་དགེ་སྒྲུབ་དང་། ཞི་མཐུན་གོང་བཀུར། ཞི་བདེ་རེ་སྨོན། ནང་རིག་པར་ཐོས་བསམ། དམངས་ཀྱི་དད་གུས་ཐོབ་པ་བཅས་ཀྱི་གྲྭ་པ་ཞིག་བྱ་རྒྱུའི་བློ་ཐག་བཅད་ཡོད་པ་རེད། འདི་ལོ་བན་དཀར་དགོན་དེ་རང་སྐྱོང་ལྗོངས་རིམ་པའི་ཞི་མཐུན་དཔེ་བཟང་གི་དགོན་སྡེར་བདམས་པ་དང་དགོན་སྡེ་དོ་དམ་ཨུ་ལྷན་དེ་ལྗོངས་ཡོངས་ཀྱི་སྔོན་ཐོན་དགོན་སྡེའི་དོ་དམ་ཨུ་ལྷན་དུ་བདམས་པར་བརྟེན་དགོན་པ་དེ་ཡོངས་ཀྱི་གྲྭ་དམངས་ཚོར་སྤོབས་པ་ཚད་མེད་སྐྱེས་ཤིང་། ཚང་མས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་བརྩི་བཀུར་བཅས་མཐའ་གཅིག་ཏུ་ཞུ་བ་དང་། ཁ་ཕྲལ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཐོབ་པར་དཀའ་བའི་ཉམས་ལེན་གྱི་ཁོར་ཡུག་དང་བདེ་སྐྱིད་འཚོ་བར་གཅེས་སྤྲས་ལྡབ་འགྱུར་བྱེད་པ། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོར་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་རང་རྟོགས་ངང་སྲུང་སྐྱོང་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ལ་བརྟེན་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་གཅེས་སྐྱོང་ལ་དྲིན་གཟོ་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་ཤོད་ཀྱི་འདུག་ཅེས་ཞུས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།