འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སེམས་པ་སྐྱིད་ན་བདེ་སྐྱིད་ཡིན། ཆོག་ཤེས་ལྡན་ན་སྤྲོ་སྣང་ཆེ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
             མི་རིང་བའི་གོང་ལྷ་སར་གཞུང་དོན་དུ་བསྐྱོད་སྐབས་གློག་སྒྲོན་རྣམ་པར་བཀྲ་ཞིང་རླངས་འཁོར་དང་མི་ཚོགས་ཧ་ཅང་མང་བའི་འཁྲུག་ཆ་དོད་པའི་རྣམ་པ་མཐོང་བར་གྲོགས་པོ་ཞིག་གི་ཁ་ནས“ལྷ་སར་དངོས་གནས་སྐྱིད་པོ་འདུག”ཅེས་དབང་མེད་དུ་ཤོར།
         ཡིན་ན་ཡང་ལོ་རེའི་གུང་གསེང་སྐབས་ལྷ་སར་ལོག་དུས་ནང་ས་ནི་ལྷ་ས་ལས་སྐྱིད་པ་་འདུག གཞན་པ་ཕར་ཞོག་མཐའ་ན་གང་སར་ཁྱབ་པའི་ལྗང་མདོག་དང་འདང་ངེས་ཀྱི་གསོ་རླུང་ཁོ་ནས་ཀྱང་མི་རྣམས་ལ་སྤྲོ་སྣང་ཡོད་སྙམ།
         དོན་དངོས་ཐོག་བོད་དུ་ལས་ཀ་བྱས་ནས་ཡུན་རིང་སོང་ཚེ་ཚང་མར་གྲོང་གསེབ་ནས་རྫོང་གྲོང་དུ་བསྐྱོད་པ་དང་། རྫོང་གྲོང་ནས་ས་ཁུལ་དུ་བསྐྱོད་པ། ས་ཁུལ་ནས་ལྷ་སར་བསྐྱོད་པ་བཅས་ནི་བདེ་སྐྱིད་ཅིག་དང་། དེ་ལས་ལྡོག་ཚེ་བདེ་སྐྱིད་ནི་ནུབ་ཁའི་ཉི་མ་ཇི་བཞིན་ཆུང་ནས་ཆུང་དུ་འགྲོ་བའི་སྐྱོ་སྣང་ཞིག་སྐྱེས་སྲིད།
         བདེ་སྐྱིད་ནི་མིའི་རིགས་ཀྱི་ཚེ་གང་གི་དོན་གཉེར་བྱ་ཡུལ་ཡིན་ལ་བརྟག་ཞིབ་བྱས་པ་ལས《ཕུའུ་པུའུ་སི》དུས་དེབ་ཏུ་འཁོད་པའི་ཕྱུག་བདག་ཚོའི་བདེ་སྐྱིད་ཚོར་སྣང་དེ་སྤྱིར་བཏང་གི་མང་ཚོགས་དང་བསྡུར་ན་ཅུང་ཟད་ལས་ཁྱད་མེད་པ་དང་། 80%ཡན་གྱི་ཕྱུག་བདག་རྣམས་ཀྱིས་དངུལ་ལ་བརྟེན་ནས་བདེ་སྐྱིད་མང་དུ་གཏོང་ཐུབ་ལ་ཉུང་དུ་ཡང་གཏོང་ཐུབ་ཅེས་ཤོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་། དེར་བརྟེན་མཁས་བཙུན་ཆེན་པོ་ཤིན་ཡུན་གྱིས་བདེ་སྐྱིད་ལ་རིམ་པ་མང་པོ་ཡོད་པ་སྟེ། དངོས་པོའི་ཁྱབ་ཁོངས་ཀྱི་ལོངས་སྤྱོད་ནི་རིམ་པ་དང་པོ་ཡིན་ལ་རིམ་པ་གཉིས་པ་ནི་ཕྱི་རོལ་ཡུལ་དབར་གྱི་མཉམ་འགུལ་དེ་ཡིན་ཞེས་གསུངས་པ་དེ་རང་རེད།
         སེམས་པ་སྐྱིད་ན་བདེ་སྐྱིད་ཡིན་ལ་ཆོག་ཤེས་ལྡན་ན་སྤྲོ་སྣང་ཆེ། བདེ་སྐྱིད་ཐོབ་མིན་དེ་ཚད་ངེས་ཅན་ཞིག་གི་སྟེང་ནས་སོ་སོའི་འདོད་བློ་ཆེ་ཆུང་ལ་ཐུག་ཡོད། ཕུགས་བསམ་ཡོད་ཕོད་པ་དང་ཕུགས་བསམ་མངོན་འགྱུར་བྱེད་ཕོད་པ་ནི་དོན་བཟང་ཞིག་ཡིན་པ་སྨོས་མེད་ཡིན་ན་ཡང་འབྱུང་རྩ་དེད་ན་བདེ་སྐྱིད་ནི་སོ་སོའི་སེམས་ལ་རག་ལུས་པ་ཞིག་རེད། འདོད་པ་ཁོ་ནས་མི་ཚེ་བསྐྱལ་ཚེ་བདེ་སྐྱིད་ཇི་ལྟར་ཐོབ། དེ་ལས་ལྡོག་སྟེ་འདོད་ཆུང་ཆོག་ཤེས་བསྟེན་པ་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན་པ་རེད།
         ལྷ་ས་འདི་ཉིད་ལོ་ཤས་བསྟུད་མར་བདེ་སྐྱིད་ཚོར་སྣང་ཆེ་ཤོས་ཀྱི་གྲོང་ཁྱེར་དུ་བདམས་པ་དེ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་མོད། བསམ་བློ་ཞིབ་མོ་ཞིག་བཏང་ན་གནས་ལུགས་དང་མཐུན་པ་ཞིག་ཀྱང་རེད། པེ་ཅིང་དང་ཧྲེང་ཧའེ་དང་ཀོང་ཀྲོའུ་སོགས་དང་བསྡུར་ན་ལྷ་ས་འདི་ཉིད་མཐོ་གྲང་ཁུལ་དུ་གནས་ཀྱང་ནམ་མཁའ་དང་བར་ཐག་ཉེ་ཤོས་ཡིན་པས་ལག་སྙོབ་བྱས་པ་ཙམ་གྱིས་ཉི་མར་ཡང་རེག་ཐུབ་པའི་སྣང་བ་སྐྱིད་པོ་ཡོད། གསོ་རླུང་མི་འདང་ཡང་མཁའ་རླུང་གཙང་ཞིང་དྭངས། གྲོང་ཁྱེར་ཆུང་ཡང་འགྲོ་སྡོད་སྟབས་བདེ་ཡོད་པས་འགྲིམ་འགྲུལ་གྱི་འཚང་ཁའི་སུན་སྣང་མྱོང་མི་དགོས། དེ་དག་ལས་ཀྱང་གལ་ཆེ་བ་ཞིག་ནི་ལྷ་ས་བ་རྣམས་ལས་གནམ་ལ་བཅོལ་ནས་ཞི་ལྷོད་བག་ཡངས་སུ་རྒྱུ་མཁན་ཤ་སྟག་ཡིན་པས་དངོས་པོ་དང་ཁེ་གྲགས་ཀྱི་རྒྱ་ལས་ཐར་ཏེ་དགའ་དགའ་སྤྲོ་སྤྲོའི་ངང་འཚོ་བ་སྐྱེལ་གྱི་ཡོད་པ་དེ་རང་རེད།
          བདེ་སྐྱིད་ཀྱི་གོ་དོན་ཐད་ལ་དྲ་བའི་ཐོག་དར་སྲོལ་ཆེ་བའི་སྐད་ཆ་ཞིག་དྲངས་ནས་བཤད་ན། མི་ཞིག་གིས་རྟག་ཏུ་མི་གཞན་གྱི་བདེ་སྐྱིད་ལ་ཡིད་སྨོན་བྱེད་ཞོར་གློ་བུར་དུ་ཕྱིར་ལྟ་ཞིག་བྱེད་དུས་རང་ཉིད་ཀྱང་མི་གཞན་གང་མང་ཞིག་གིས་ཡིད་སྨོན་བྱ་ཡུལ་དུ་གྱུར་ཡོད་པ་ཤེས་པ་རེད། དོན་དངོས་ཐོག་མི་ཚང་མར་བདེ་སྐྱིད་ལྡན་མོད། ཡིན་ན་ཡང་རང་ཉིད་ཀྱི་བདེ་སྐྱིད་དེ་མི་གཞན་གྱིས་མ་གཏོགས་མཐོང་ཁག་པོ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།