འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་སའི་གྲོང་མི་དུད་ཚང་ཁྲི་10.5ཙམ་ལ་དྲོད་རླངས་མཁོ་འདོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
             མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་14ཉིན་གསར་འགོད་པར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དྲོད་རླངས་མཁོ་འདོན་ལས་གྲྭའི་རྣམ་གྲངས་འཛུགས་སྐྲུན་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔར་གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་འཆར་འགོད་ཁུལ་དུ་དྲོད་རླངས་མཁོ་འདོན་ཐུབ་ཚད་98%ཟིན་པ་དང་གྲོང་མི་དུད་ཚང་ཁྲི་10.5ཙམ་ལ་དྲོད་རླངས་མཁོ་འདོན་ཐུབ་ནས་དྲོ་སྐྱིད་ལྡན་པའི་དགུན་ཁ་ཞིག་སྐྱེལ་རྒྱུ་བྱུང་ཡོད་པ་རེད། 
          ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དྲོད་རླངས་མཁོ་འདོན་ལས་གྲྭ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྷ་སའི་མི་དམངས་ཀྱིས་རེ་སྒུག་ཡུན་རིང་བྱས་པར་དམིགས་ཏེ་ཐབས་ཇུས་བཀོད་སྒྲིག་བྱས་པའི་ལས་གྲྭ་ཞིག་ཡིན་པ་དང་ལས་གྲྭར་དོ་ཁུར་བྱེད་ཚད་དེ་འདྲའི་མཐོ་བ་དང་། འབྲེལ་ཡོད་ཁྱབ་རྒྱ་དེ་འདྲའི་ཆེ་བ། ལས་ཡུན་བླང་བྱ་དེ་འདྲའི་ནན་པ། ཨར་ལས་དཀའ་ཚད་དེ་འདྲའི་ཆེ་བ། ལག་རྩལ་ཚད་གཞི་དེ་འདྲའི་ནན་པ་བཅས་ནི་བོད་དང་ཐ་ན་རྒྱལ་ཡོངས་སུ་སྔར་བྱུང་མྱོང་མེད་པ་ཞིག་རེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཐུགས་ཁུར་འོག་ལས་གྲྭ་དེ་2012ལོའི་ཟླ་བཞི་པར་ལས་འགོ་ཚུགས་ཤིང་། མིག་སྔའི་བར་རང་བྱུང་སོལ་རླངས་ཀྱི་མདོང་དྲ་ཨ་མ་སྤྱི་ལེ་63དང་། རང་བྱུང་སོལ་རླངས་ཀྱི་ཡན་ལག་མདོང་དྲ་སྤྱི་ལེ་256 སྒོ་རའི་མདོང་དྲ་སྤྱི་ལེ་1200ལྷག་ཙམ་བསྐྲུན་ཡོད། གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་འཆར་འགོད་ཁུལ་གྱི་དྲོད་རླངས་མཁོ་འདོན་ཐུབ་པའི་གྲོང་མི་དུད་གྲངས་ཁྲི་10.7ཟིན་པ་དང་དྲོ་རླངས་མཁོ་འདོན་ཐུབ་ཚད་98%ཟིན་ཡོད་པ་རེད། 2012ལོ་ནས་2014ལོའི་བར་དུ་སྔོན་དཔག་བྱས་ན་མ་དངུལ་སྒོར་དུང་ཕྱུར་92.4གཏོང་རྒྱུ་ཡིན་པ་དང་མ་དངུལ་སྒོར་དུང་ཕྱུར་7ལྷག་རྒྱུ་རེད། 
          མིག་སྔར་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དྲོད་རླངས་མཁོ་འདོན་ལས་གྲྭ་འཛུགས་སྐྲུན་བྱེད་མཇུག་འགྲིལ་ཉེར་ཡོད་པ་རེད། འབྲེལ་ཡོད་ཚན་པས་སླད་ཕྱིན་གཉེར་སྐྱོང་དོ་དམ་བྱེད་སྐབས་བདེ་འཇགས་ངང་རང་བྱུང་སོལ་རླངས་སྤྱོད་རྒྱུའི་འདུ་ཤེས་ཟབ་ཏུ་བཏང་ནས་བསམ་བློའི་ཐོག་ནས་ཁྲིད་སྟོན་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་དང་། བརྒྱུད་རིམ་ལྡན་ལ་ཚད་ལྡན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཉེར་སྐྱོང་དོ་དམ་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ། དོགས་ཟོན་འཕྲལ་སྡོམ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་དྲོད་རླངས་མཁོ་འདོན་བྱེད་རིང་གི་བདེ་འཇགས་འགན་ལེན་བྱ་རྒྱུ། དམངས་ཆེད་དམངས་ཕན་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་སེམས་ཁུར་བྱ་རྒྱུ་དང་ཞབས་འདེགས་ཞུ་རྒྱུ་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱ་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།