འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བུ་ཕྲུག་འཚར་ལོངས་ཁྲོད་ཁྱིམ་ཚང་སློབ་གསོ་ནི་རྨང་གཞི་ཡིན་པའི་ སྐོར་རགས་ཙམ་གླེང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
            གླེང་གཞི། ཕྲུ་གུ་ལེགས་པོ་ཞིག་སྐྱོང་དགོས་ན། སྤྱི་ཚོགས་དང་། སློབ་གྲྭ ཁྱིམ་ཚང་བཅས་ཀྱིས་ཕྱར་བ་གྲུ་འདེགས་བྱས་ནས་ནུས་པ་བླ་ལྷག་ཅིག་བཏོན་དགོས་པ་ནི་རྩོད་མེད་ཡོངས་གྲགས་ཀྱི་གནད་དོན་ཞིག་རེད། ད་འོ་ན་བུ་ཕྲུག་དེ་དག་ཤེས་རིག་ལྡན་པ་དང་། ཀུན་སྤྱོད་ལྡན་པ། གསར་གཏོད་ཕོད་པ་སོགས་ཀྱི་མི་སྣ་ཞིག་ཏུ་གསོ་སྐྱོང་ཇི་ལྟར་བྱ་དགོས་ཤེ་ན། དེའི་ཐད་ལོ་མང་གི་རང་ཉིད་ཀྱི་མྱོང་བརྒྱུད་ལས་ཐོབ་པ་དག་ཅུང་ཟད་གླེང་བར་བྱའོ།
          དང་པོ། ཁྱིམ་བདག་གིས་སློབ་གསོར་གོ་བ་ཇི་ལྟར་ལེན་དགོས་པའི་སྐོར།
           དེ་ཡང་ཁྱིམ་བདག་མང་པོ་ཞིག་གིས་རྟག་པར་བུ་ཕྲུག་ལ་སློབ་སྦྱོང་ཡག་པོ་གྱིས། རྒྱག་རེས་མ་རྒྱོབ། རྐུན་མ་མ་རྐུས། སྒྲིག་ལམ་ཡག་པོ་སྲུངས་ཞེས་ངག་ནས་སྐད་ཆ་བམ་བཤད་ཙམ་བྱེད་པ་ལས་སློབ་སྦྱོང་ཇི་ལྟར་བྱེད་དགོས་མིན་དང་། ཐབས་ཤེས་གང་འདྲ་སྤྱོད་དགོས་མིན། ཇི་ལྟར་བྱས་ན་འཁོན་རྩོད་མི་ཡོང་བ་དང་འཁོན་རྩོད་བྱས་ཚེ། གནོད་པ་ཇི་ལྟར་ཡོད་མེད། རྐུ་མའི་ངན་འབྲས་ཇི་ལྟར་ཡོད་མིན། དེ་བཞིན་སྒྲིག་ལམ་ཇི་འདྲ་སྲུང་དགོས་པ་སོགས་ནི་ང་ཚོས་བསམ་གཞིག་དེ་ཙམ་བྱེད་ཀྱི་མེད། དོན་དུ་ཁྱིམ་ཚང་སློབ་གསོ་ཞེས་པ་ནི་སློབ་གྲྭའི་སློབ་གསོ་དང་འདྲ་བར་སློབ་གསོའི་རིག་ཚན་ཞིག་ཡིན་ཏེ། གཅིག་ནས་ཁྱིམ་བདག་གིས་བུ་ཕྲུག་ལ་སྨྲ་བརྗོད་དང་སྤྱོད་ལམ། ཤེས་རིག་བཅས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་མིག་དཔེ་སྟོན་པ་དང་སྐུལ་སློང་བྱེད་རྒྱུ་དེ་རྒྱུན་གཏན་ཅན་དུ་གྱུར་དགོས་པ་དང་། གཉིས་ནས་བུ་ཕྲུག་གི་དགའ་སྣང་ལ་བསྟུན་ནས་ཁོང་ཚོའི་མི་མངོན་པའི་ནུས་པ་དེ་འདོན་དགོས། དེའི་ཐད་སློབ་གསོ་མཁས་ཅན་ཏུའུ་ཝེ་ཡིས“སློབ་གསོ་ཞེས་པ་ངེས་པར་དུ་བྱིས་པའི་སེམས་ཁམས་ཀྱི་དགའ་སྣང་དང་ནུས་པ། གོམས་གཤིས་ནས་འགོ་འཛུགས་དགོས་པ་དང་ཕྱོགས་དེ་དག་ལ་བསམ་གཞིག་དང་ཤེས་རྟོགས་གང་མང་བྱ་དགོས”ཞེས་གསུངས་པ་ངེས་པ་དོན་ལ་གནས་པའི་གཏམ་ཞིག་ཡིན་པར་འཁུམས། གསུམ་ནས་སྤྱི་ཚོགས་དང་སློབ་གྲྭ་སོགས་བྱིས་པ་འཚར་ས་དང་རྒྱུན་དུ་ནས་འབྲེལ་གཏུགས་བྱས་ཏེ་བྱིས་པའི་བྱེད་སྤྱོད་ཁག་ལ་སྣང་འཇོག་མང་ཙམ་བྱ་དགོས་པ་དང་། ཁྱིམ་བདག་ཚོས་ཁྱིམ་ཚང་སློབ་གསོར་གོ་བ་གཏིང་ཟབ་ལོན་དགོས་ལ་དེའི་དམིགས་ཡུལ་དང་བྱ་ཐབས་སོགས་ལ་བསམ་གཞིག་ཡང་ནས་ཡང་དུ་གཏོང་དགོས་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། ཡོ་རོབ་གླིང་གི་མཁས་པ་མང་པོས་སློབ་གསོའི་དམིགས་ཡུལ་གཙོ་བོ་ནི་ཡང་དག་པའམ་སྐྱོན་དང་བྲལ་བའི་མི་ཞིག་ཏུ་འགྱུར་རྒྱུ་དེ་ཡིན་ཞེས་པའི་བཞེད་པ་དང་གནའ་རབས་ཀྱི་མཁས་པ་དག་གིས་ཀྱང་མ་རིག་པའི་རྩ་བ་གཅོད་ལུགས་བཏོན་པ་གཉིས་ཁོ་བོས་བལྟས་ན་རྒྱུ་མཚན་གཅིག་ཏུ་སྣང་། འོན་ཏེ་ཁྱིམ་བདག་འགའ་རེས་ངོས་འདི་ལྟར་འཛིན་གྱི་མེད། དེར་བརྟེན་ཁྱིམ་བདག་རང་ངོས་ཀྱིས་དང་ཐོག་སློབ་གསོར་ངོས་འཛིན་གསལ་པོ་ཞིག་བྱེད་དགོས།
          གང་ལྟར་བརྒྱ་བཤད་སྟོང་བཤད་བྱས་རུང་། གཙོ་བོ་སློབ་ཕྲུག་གི་རྒྱུད་ལ་ཡིན་ལུགས་དཔྱོད་པའི་རིག་སྟོབས་དང་། མི་ཚེའི་འཕྲང་ལམ་རིང་མོར་སྐྱོད་པའི་ཐབས་ལམ་ཞིག ལག་ལེན་དངོས་ནང་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཞིག་རྒྱུད་ལ་འབྱོར་ན། སློབ་གསོའི་དགོས་པ་མཐར་ཐུག་ནི་དེ་ལྟར་ལགས།
          གཉིས་པ། ཕྲུ་གུ་འཚར་སའི་ཁོར་ཡུག་ལེགས་པོ་ཞིག་སྐྲུན་དགོས་པའི་གལ་ཆེའི་རང་བཞིན་སྐོར།
          རྣམ་ཀུན་ལོ་གསར་དང་དྲུག་གཅིག་བྱིས་པའི་དུས་ཆེན་སོགས་གཏོང་སྐབས་ཕ་མ་གཉིས་ཀྱིས་ཕྲུ་གུར་གྱོན་ཆས་དང་རྩེད་ཆས་གསར་པ་ཉོ་བ་དང་། ཕྲུ་གུས་མི་བཟང་ལས་བཟང་བྱེད་དུས་ཕ་མ་དང་དགེ་རྒན་གྱིས་བསྟོད་བསྔགས་གཏོང་བ་སོགས་བྱེད་ཀྱི་ཡོད་ལ་ཕྲུ་གུས་ཀྱང་དེ་དག་བྱེད་དགོས་ངེས་ཤིག་ཡིན་པའི་ངོས་འཛིན་གྱི་ཡོད། དོན་དམ་དུ་དེ་ནི་ཕྲུ་གུས་ཕ་མས་རང་ཉིད་ལ་དེ་ལྟར་བྱེད་པ་དེ་ཅི་ཞིག་གི་ཆེད་དུ་ཡིན་པ་མི་རྟོགས་པས་སོ། བསམ་བློའི་འཁྱེར་སོ་དེས་རྐྱེན་པས་ཕྲུ་གུ་ཚོས་བཀའ་དྲིན་ཚོར་མི་ཤེས་པས། ལས་ཀ་གང་ཞིག་བྱས་ཀྱང་རང་འདོད་དང་རང་ཤེད་ཁོ་ནའི་དབང་དུ་སོང་ནས་མི་གཞན་དང་འབྲེལ་འདྲེས་དང་མཐུན་པོ་དེ་ཙམ་ཡོང་གི་མེད། དེའི་དབང་གིས་སུའུ་ལེན་གྱི་སློབ་གསོ་མཁས་ཅན་སུའུ་ཧོ་མུ་ལིན་སི་ཅིས་ཕྲུ་གུའི་སེམས་ཁམས་ཀྱི་གནོད་སྐྱོན་རང་བཞིན་ཤེས་རྟོགས་གནང་ནས་ཕྲུ་གུའི་བྱེད་དགོས་བྱུང་སྙམ་པའི་བསམ་བློའི་འཁྱེར་སོ་དེར་བཀག་འདོམས་བྱེད་རྒྱུ་དེ་སློབ་ཕྲུག་གིས་བསྲུང་དགོས་པའི་སྒྲིག་ལམ་བཅུའི་ཨང་དང་པོར་བཞག་ཡོད། དེས་ན་ང་ཚོས་ཨ་མ་ལགས་ཀྱིས་དུས་ཆེན་སྐབས་གོས་གསར་པ་ཉོ་བ་ལས་དུས་རྒྱུན་མི་ཉོ་བའི་རྒྱུ་མཚན་བུ་ཕྲུག་གིས་ཤེས་སུ་འཇུག་དགོས་པ་དང་། ཁོང་ཚོས་ལས་བཟང་ཕྲན་བུ་བྱས་པར་བསྟོད་བསྔགས་བཏང་བ་དང་མི་རྒན་པ་ཚོས་གྲགས་མེད་ཀྱིས་བྱ་བཟང་མང་པོ་བསྒྲུབས་ཀྱང་བསྟོད་བསྔགས་མི་གཏོང་བའི་གནས་ལུགས་ཕྲུ་གུས་ཤེས་སུ་འཇུག་དགོས། དེ་ལྟར་བྱུང་ཚེ་ཁོ་ཚོས་རྒན་རབས་ལ་བསམ་བློ་གཏོང་བའི་བློ་ཞིག་སྐྱེ་ངེས་རེད་སྙམ། དེ་དང་ཆབས་ཅིག་ཕ་མ་ཚོས་ཀྱང་ཕྲུ་གུའི་དགའ་ཕྱོགས་དང་འདོད་མོས་ལ་བསྟུན་དགོས་ཏེ། འཇར་མན་གྱི་ཚན་རིག་པས“ཁྱིམ་བདག་མང་པོ་ཞིག་གིས་བྱིས་པའི་དགའ་ཕྱོགས་དང་ནུས་པར་བསམ་བློ་མི་གཏོང་བར་བྱིས་པར་སྔ་མོ་ནས་སྐད་ཡིག་དང་ཡང་ན་གླུ་དབྱངས་སོགས་སྦྱོང་དུ་འཇུག་བཞིན་ཡོད། བཙན་ཤེད་ཀྱིས་སྦྱོང་དུ་འཇུག་པའི་བྱེད་ཐབས་འདིས་བྱིས་པ་བདེ་ཐང་ངང་འཚར་རྒྱུར་ཕན་ཐོགས་མེད”ཅེས་བསྟན་ལ། འཇར་མན་གྱི《འཛམ་གླིང་ཚགས་པར》ཐོག་འཇར་མན་གྱི་བྱིས་པའི་སློབ་གསོ་ཞིབ་འཇུག་ཁང་གི་ཆེད་མཁས་པ་ཧ་ཐེ་མུའུ་ཐེ་ཁྭ་སི་ཐིན་གྱིས“བཙས་མ་ཐག་པའི་བྱིས་པ་ནི་ཤོག་བུ་དཀར་པོ་ཞིག་དང་འདྲ་བས་གང་འདོད་དུ་ཚོན་བྱུགས་པའི་ལྟ་ཚུལ་ནི་ནོར་འཁྲུལ་ཞིག་རེད། ཐབས་དེས་བྱིས་པའི་སློབ་སྦྱོང་བྱེད་པའི་འདུན་པ་ཉམས་པ་དང་ཕྱིན་ཆད་བྱ་དངོས་གསར་པར་ངོས་འཛིན་པའི་ནུས་པར་ངན་ཤན་ཐེབས་ངེས”ཞེས་བསྟན། ཁྭ་སི་ཐིན་གྱིས་ད་དུང་བཤད་རྒྱུར་བྱིས་པའི་དུས་ནི་མིའི་ཀླད་པ་འཚར་བའི་དུས་སྐབས་གཙོ་བོ་ཞིག་ཡིན་གཤིས། དུས་རིམ་འདིའི་ནང་བྱིས་པར་སྤྲོ་བ་སྐྱེ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ནི་བྱིས་པ་འཚར་རྒྱུར་ཤིན་ཏུ་གལ་ཆེ་ཞེས་གསུངས་ཡོད། 《བོད་ལྗོངས་ཁྱིམ་ཚང་སློབ་གསོའི་ལག་དེབ》ཅེས་པའི་དེབ་དེའི་ནང“དྲག་རྩུབ་རང་བཞིན་གྱི་ཁྱིམ་ཚང་ནང་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་གཤིས་ཀ་རྩུབ་པ་དང་རྒྱག་རེས་རྒྱག་རྒྱུར་དགའ་བ། རྒན་ལོངས་རྗེས་ཡ་ང་སྙིང་རྗེ་མེད་པ་དང་གཞན་ལ་གདུང་སེམས་མེད་པ། ཐ་ན་འགའ་ཞིག་ཁྲིམས་འགལ་གྱི་ལམ་བུའི་ཐོག་སྐྱོད་མཁན་ཞིག་ཆགས་སྲིད། གཅེས་ལངས་གཏོང་མཁན་གྱི་ཁྱིམ་ཚང་ནང་འཚར་བའི་ཕྲུ་གུ་དེ་ཚོ་སྒེར་སེམས་ཆེ་བ་དང་། སྒྱིད་ལུག་ཚ་བ། རང་ཤེད་ཆེ་བ། བློ་ཁོག་ཆུང་བ། ངུ་རྒྱུར་དགའ་བ། དཀའ་སྡུག་མྱོང་རྒྱུར་སྐྲག་པ། རྒན་ལོངས་རྗེས་སྙིང་སྟོབས་མེད་པ། རང་རྐྱ་འཕེལ་བའི་ནུས་པ་མེད་པ་ཞིག་ཆགས་ཀྱི་ཡོད”ཅེས་འཁོད་འདུག དེས་ན། ང་ཚོས་བཙན་ཤེད་ཀྱིས་ཕྲུ་གུར་སྐད་ཆ་དང་གླུ་དབྱངས། ཡི་གེ རི་མོ་སོགས་སྦྱོང་དུ་བཅུག་ན་ཕན་ཐོགས་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཕྲུ་གུའི་འཚར་ལོངས་ལམ་བུའི་ཐོག་གི་བཀག་རྡོ་ཞིག་ཏུ་འགྱུར་ཉེན་ཡོད་པས། ང་ཚོས་བྱིས་པ་ཚོའི་གཟུགས་གཞིའི་ནུས་པ་དང་། བསམ་གཞིག་གི་ནུས་པ་དང་འཕྲོད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་ཤེས་དགོས།
         གསུམ་པ། སློབ་མའི་ལེགས་པའི་རང་གཤིས་ལ་བརྩི་བཀུར་དང་ཁོང་ཚོར་འགན་འཁྲིའི་འདུ་ཤེས་ཤིག་འཇགས་པ་བྱ་རྒྱུའི་སྐོར། 
         སློབ་མའི་ལེགས་པའི་རང་གཤིས་ཞེས་པ་ནི་གཞན་དང་མི་འདྲ་བའི་ཕན་  ཐོགས་ཀྱི་ཆ་ངེས་ཅན་ལྡན་པའི་གཤིས་ཀ་དེར་ཟེར་བ་ཡིན་ཏེ། དེང་དུས་དེ་ལ་རང་གཤིས་ཟེར་བའང་ཡོད། ཨ་རིའི་སློབ་གསོ་བ་ཨའེ་མོ་ཧྲེང་གིས་སློབ་གསོ་གཏོང་བའི་མན་ངག་བཟང་ཤོས་ནི་སློབ་མར་བརྩི་བཀུར་བྱ་རྒྱུ་དེ་རེད་ཅེས་གསུངས་ཡོད་མོད། འོན་ཀྱང་རྣམ་ཀུན་འཚོ་བའི་ནང་ཕ་མ་འགའ་རེས་ཕྲུ་གུའི་དགའ་ཕྱོགས་ལ་བརྩི་བཀུར་ཡེ་ནས་མི་བྱེད་པ་ང་ཚོས་མཐོང་གསལ་ཡིན། དཔེར་ན། 2001ལོར་ཀྲེ་ཅང་ཞིང་ཆེན་ཅིང་ཧྭ་གྲོང་ཁྱེར་གྱི་སློབ་འབྲིང་བཞི་པར་ལོ་ན་བཅུ་བདུན་ལ་སོན་པའི་སློབ་མ་ཞུང་ལོད་ཀྱིས་ཁྱིམ་ཚང་ནས་བཏོན་པའི་སློབ་སྦྱོང་གི་རེ་བ་མཐོ་དྲགས་པར་མ་བཟོད་པར་ཨ་མ་བསད་པའི་གྱོད་དོན་ཞིག་བྱུང་ཞིང་། དེ་ནི་ཁྲག་གི་བསླབ་བྱ་ཞིག་ཡིན། དེས་ན་ཁྱིམ་བདག་ཚོས་ཕྱི་ནང་གི་དབྱེ་བ་གང་ཡང་མེད་པར་ཚིག་མཚོན་གྱིས་བུ་ཕྲུག་གཅུན་གང་ཐུབ་བྱས་ཚེ། དེས་བུ་ཕྲུག་ལེགས་ལམ་དུ་ཁྲིད་ཐུབ་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་བུ་ཕྲུག་དེ་བག་འཁུམས་ཅན་དང་ལེ་ལོ་ཅན་དུ་གྱུར་བའི་ཉེན་ཁ་ཆེ་བས་ངེས་པར་དུ་ཁོང་ཚོའི་ལེགས་པའི་རང་གཤིས་ལ་བརྩི་བཀུར་བྱ་དགོས། དེ་དང་ཆབས་ཅིག་ཕ་མས་ཕྲུ་གུར་བསླབ་བྱ་བྱེད་པའི་ཁྲོད་བྱིས་པ་ཚོར་འགན་འཁྲིའི་འདུ་ཤེས་བཟང་པོ་ཞིག་སྐྱེད་སྲིང་བྱ་དགོས་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། དེས་ཕྱིས་འབྱུང་སྤྱི་ཚོགས་ཐོག་རང་ནུས་འདོན་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། དེ་ཡང་མི་ཞིག་ཀུང་སི་ག་གེ་མོ་ཞིག་ནང་ལས་ཀ་འཚོལ་བར་ཕྱིན་ཀྱང་། ཀུང་སིའི་སྤྱི་གཉེར་བས་ཁོའི་གཏམ་བརྗོད་སོགས་ལ་མོས་མཐུན་མ་བྱུང་བའི་དབང་གིས་ཁོའི་རེ་བ་དང་དུ་བླངས་མེད། འོན་ཀྱང་ཁོ་ཀུང་སིའི་མདུན་ནས་སྐྱོད་སྐབས་དེ་གར་ཤིང་ཏོག་ངང་ལག་གི་པགས་པ་མང་པོ་ཞིག་དབྱུགས་ཡོད་པ་མཐོང་བས། ཁོས་དེ་མུར་ཡར་བསྒྲུགས་ནས་གད་སྙིགས་བླུགས་སྣོད་ནང་བླུགས། གནས་ཚུལ་དེ་ཀུང་སིའི་སྤྱི་གཉེར་གྱིས་མཐོང་བས་སླར་ཡང་མི་དེ་གཞུང་དོན་ཁང་ནང་སྐད་བཏང་ནས“ཁྱེད་རང་ཀྱི་ཆེད་ལས་ངེད་ཀུང་སིར་མི་འཚམ་ཡང་། ཁྱོད་ཀྱི་འགན་འཁྲིའི་བསམ་པར་ང་རང་འདོད་མོས་ཤིན་ཏུ་ཆེན་པོ་བྱུང་། ཁྱོད་ང་ཚོའི་ཀུང་སིར་ཕེབས་པར་དགའ་བསུ་ཞུ་ཡི་ཡིན”ཞེས་བརྗོད་པ་རེད། དཔེ་མཚོན་དེ་ལས་ང་ཚོས་མཐོང་ཐུབ་པར། མི་ཞིག་གི་འགན་འཁྲིའི་སེམས་པ་སྐྱེད་སྲིང་བྱ་རྒྱུ་དེའང་ཁྱིམ་བདག་ཚོའི་གཡོལ་ཐབས་མེད་པའི་འོས་འགན་ཞིག་ཡིན། དེའང་ང་ཚོས་ཤེས་དགོས་པ་ཞིག་ལ་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཞེས་པ་ནི་སྤྱི་ཚོགས་ཐོག་གི་ཀུན་སྤྱོད་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་དེ་ངེས་པར་དུ་ཤེས་པ་བྱ་དགོས། ཨུ་རུ་སུའི་མཁས་དབང་ཐོའར་སི་ཐའེ་ཡིས“མི་ཞིག་སེམས་རྩ་འཁོལ་པོ་མེད་ན། ཁོས་བྱ་བ་གང་ཡང་སྒྲུབ་མི་ནུས་པས། དེས་ན་འགན་འཁྲིའི་བསམ་པ་ནི་སེམས་རྩ་འཁོལ་པོ་ཡོང་བ་བྱ་རྒྱུའི་རྨང་གཞི་ཞིག་ཡིན”ཞེས་གསུངས་ཡོད་པ་དང་། རང་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་པ་ཅིན་གྱིས“ང་རང་གསོན་པོར་སྡོད་པ་ནི་ངས་རང་ཉིད་འཚོ་སྡོད་བྱ་ཡུལ་གྱི་སྤྱི་ཚོགས་ལ་ཕན་པ་ཅུང་ཟད་སྒྲུབ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ང་རང་སྤྱི་འབངས་ཤིག་གི་ངོས་ནས་བཤད་ན་འགན་འཁྲི་ཞིག་རེད་སྙམ་གྱི་འདུག”ཅེས་གསུངས། གོང་གསལ་གྱི་གསུང་ཚིག་དེ་དག་ལས་ང་ཚོར་འགན་འཁྲིའི་འདུ་ཤེས་བླ་ན་མེད་པ་ཞིག་དགོས་པའི་གནས་ལུགས་བསྟན་ཡོད། འོ་ན་འགན་འཁྲིའི་འདུ་ཤེས་དེ་ང་ཚོས་བྱིས་པའི་སེམས་ཁམས་སུ་ཇི་ལྟར་འཇགས་པ་བྱ་དགོས་མིན་དང་བྱིས་པས་རྒྱུན་འཁྱོངས་ཇི་ལྟར་བྱ་དགོས་མིན་ལ་བསམ་གཞིག་བྱ་རྒྱུ་ནི་ཆེས་གལ་འགངས་ཆེ་བ་ཞིག་རེད།
           མཇུག་བྱང་། སློབ་གསོ་མཁས་ཅན་མང་ཐན་གྱིས“ཧ་ཅང་ཞན་པའི་ཀུན་སྤྱོད་ནི་བྱིས་པའི་དུས་ནས་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན་པས། བྱིས་དུས་བསམ་བློར་ལྟ་རྟོག་མང་ཙམ་བྱ་དགོས”ཞེས་དང་། ང་ཚོའི་བོད་ཀྱི་གཏམ་དཔེར་ཡང“རྟ་བཟང་རྟེའུ་ནས་བཟུང་། མི་བཟང་ཆུང་ནས་གསོ”ཞེས་ཟེར་བ། 《ཁ་ཆེ་ཕ་ལུའི》ནང་དུའང“ལྕང་གསར་གཞོན་དུས་འདྲོངས་ན་འདྲོང་པ་ཡིན། རྒས་ནས་སྲོང་སྲོང་མང་ན་ཆག་པའི་ཉེན”ཞེས་འཁོད། དེ་ཡང་ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོ་དེ་ཡིན་པས་ཆུང་བྱིས་པའི་དུས་ཀྱི་ཕ་མའི་ཤུགས་རྐྱེན་བཟང་ངན་དེས་སློབ་མའི་མ་འོངས་ཀྱི་ཐ་དག་གཏན་འཁེལ་བྱེད་ཀྱི་ཡོད། དེར་བརྟེན་ཁྱིམ་བདག་ཚོས་འཚོ་བ་དངོས་ནང་གོང་གསལ་གྱི་སློབ་གསོ་བྱེད་ཐབས་ཁག་ལ་བསམ་གཞིག་དང་། བྱ་ཐབས་གསར་པ་མུ་མཐུད་བཙལ་ན། ད་གཟོད་ཕྲུ་གུ་རྣམས་ལ་འཚར་སའི་ཁོར་ཡུག་བཟང་པོ་ཞིག་དང་རྨང་གཞི་བཟང་པོ་ཞིག་འདིང་ཐུབ་ཀྱི་རེད་སྙམ་མོ།(ལྷོ་ཁ་གྲ་ནང་རྫོང་རྔ་སྒྲ་ཆ་ཚང་སློབ་ཆུང་གི་བློ་བཟང་སྒྲོལ་མ)
      

    ཕྱོགས་བསྡུས་གསར་འགྱུར།