འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།གཟི་མིག་གསུམ་པ། ༼ཚེ་རིང་དོན་གྲུབ།༽

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་22ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།གཟི་མིག་གསུམ་པ། ༼ཚེ་རིང་དོན་གྲུབ།༽
           སྤྱི་ཚོགས་ཀྱི་ཁོར་ཡུག་ཆེན་པོ་འདིའི་ནང་སེམས་ཁམས་ལ་དུག་རྩ་ཕོག་འདྲའི་སྐྱེ་བོ་རེ་ཟུང་གིས་ཁེ་ཕན་ཆུང་ཙག་གི་ཆེད། ངོ་ཚའི་གདོང་ལྤགས་ཆུ་ལ་བསྐྱུར་ནས། གཞན་ཕན་སྙིང་རྗེ་ཟེར་བ་དྲི་མ་ཙམ་མེད་པར། དེ་ལས་ལྡོག་སྟེ་བདུད་ཀྱི་ཆོ་འཕྲུལ་བསྟན་པ་དང་འདྲ་བའི་ཐབས་ངན་སྣ་ཚོགས་སྤྱད་དེ། གཞན་གྱི་རྔུལ་ཁྲག་ལས་བྱུང་བའི་རྒྱུ་དངོས་ལ་ཧམ་སེམས་ཀྱི་འདྲེ་ལག་བརྐྱངས་ཏེ། རང་གི་འདོད་རྔམ་ཁེངས་ཐབས་བྱེད་པ་ནི་ཧ་ཅང་སྐྱུག་བྲོ་བ་ཞིག་མ་རེད་དམ།
          དབང་རྡོར་གྱིས་དུས་ཡུན་ཟླ་བ་གཉིས་ཙམ་སྤང་རི་མཐོ་ས་དང་གཟར་ས་གང་སར་དབྱར་རྩྭ་དགུན་འབུ་འཐུ་བར་ཕྱིན་པས། ངལ་དུབ་ཀྱིས་ཁོའི་འབུར་དུ་ཐོན་པའི་མཁུར་རུས་སྐྲངས་པ་ལྟར་སྔར་བས་འབུར་ཐོན་དུ་གྱུར་ཡོད་ཅིང་། རྣ་ཅོག་གཉིས་ཀྱང་དེ་སྔོན་ལས་ཐེར་ཐེར་ཆགས་པའི་སྣང་བ་ཞིག་འགོག་མེད་དུ་སྟེར། ཡིན་ན་ཡང་ཁོའི་སྟོབས་ཆེ་བའི་གཟུགས་པོ་དང་། འོད་མདངས་བཀྲ་བའི་མིག་གཉིས་ལས་ནམ་ཡང་དཀའ་ངལ་ཐམས་ཅད་ལས་རྣམ་པར་རྒྱལ་ནུས་པའི་ཚོར་སྣང་ཞིག་སྟེར་གྱི་འདུག ད་ལན་ཁོར་དབྱར་རྩྭ་དགུན་འབུ་བཙོངས་པའི་རིན་འབབ་སྒོར་སྟོང་ཕྲག་བཞི་ཙམ་ལག་ཏུ་ཐོབ།
           དངུལ་གྱི་ཁ་གྲངས་འདི་ལྟ་བུ་ཁོའི་ངོས་ནས་བཤད་ན། འདས་སོང་གི་ལོ་ཟླའི་ནང་བེད་སྤྱོད་གཏོང་རྒྱུ་ལྟ་ཞོག ལག་པ་འཆང་ཙམ་ཡང་བྱེད་མྱོང་མེད། དེ་བས་ཁོའི་སེམས་ཁོང་དུ་རང་ཉིད་ཀྱིས་དུས་ཀུན་ཏུ་རེ་སྨོན་བྱེད་བཞིན་པའི་ཉི་མ་ལྷ་སར་འགྲོ་བའི་རྨི་ལམ་དེ་མངོན་འགྱུར་བྱུང་བས། ཁོའི་ངོ་གདོང་ལ་སྔར་མཐོང་མ་མྱོང་བའི་འཛུམ་མདངས་ཤིག་ངང་གིས་འཕྱུར་ཞིང་། དགའ་ཚོར་ཆེན་པོས་ལྷ་ལྡན་གྲོང་དུ་བསྐྱོད་པའི་རླངས་འཁོར་ནང་དུ་ཞུགས།
          མུ་མེད་སྣུམ་ནག་གཞུང་ལམ་ངོས་སུ་རླུང་ལྟར་མགྱོགས་པའི་རླངས་འཁོར་ནི་ནམ་མཁའི་མཐོངས་དབྱིངས་སུ་གཤོག་རྩལ་ངོམས་བཞིན་པའི་གླག་རྒོད་ཅིག་དང་འདྲ་བར་ཉིན་ཕྱེད་ཀྱི་དུས་ཡུན་ཙམ་དུ་ལྷ་སར་འབྱོར། དབང་རྡོར་གྱིས་འགྲུལ་སྐྱེལ་ས་ཚུགས་དང་ཁ་གྱེས་ཏེ་ལྷ་སའི་དེང་རབས་ཅན་གྱི་ཐོག་བརྩེགས་ཁང་བཟང་དང་། གྲོག་ཚང་བརྡོལ་བ་ལྟ་བུའི་ཕར་འགྲོ་ཚུར་འོང་བྱེད་པའི་མི་ཚོགས། ལུག་ཁྱུ་ལྷས་ནས་བཏོན་པ་ལྟ་བུའི་ཡར་བཞུད་མར་འགྲོ་བྱེད་པའི་རླངས་འཁོར་གྱི་ཁྱུ་ལ་ལྟད་མོ་ལྟ་བཞིན་རེ་ཞིག་ཧད་དེ་ལུས་པ་དང་། དེ་ནས་ཉེ་འགྲམ་དུ་མགྲོན་ཁང་ཞིག་འཚོལ་བར་ཆས།
           ཧ་ལམ་སྨི་ཉིས་བརྒྱ་ཙམ་བསྐྱོད་མཚམས་སུ་དབང་རྡོར་གྱི་རྒྱབ་ཕྱོགས་ནས“རྒན་ལགས”ཞེས་པའི་ཆེས་ཉམ་ཆུང་གི་འབོད་སྒྲ་ཞིག་ཐོས། ཁོས་ཁ་ཕྱིར་བསྐོར་ནས་ལྟ་དུས། སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་དུ་གྱུར་བ་དང་སྣའི་གཟེངས་མཐོ་ལ། གཟུགས་ཅུང་རིད་ཅིང་། ཕར་བལྟས་ཚོད་ལ་ན་ཚོད་དྲུག་ཅུ་ཡོལ་བའི་ཞིང་གྲོང་གི་སྤོ་བོ་ལགས་འདྲ་པོ་ཞིག་གིས“རྒན་ལགས། ཁྲོམ་གཟིགས་སྒང་ཟེར་བ་མཁྱེན་གྱི་ཨེ་ཡོད་ན། བདག་སྤུན་མཆེད་གཅིག་འཚོལ་བར་འགྲོ་མཁན་ཡིན་པས་ནི”ཞེས་གུས་ལུགས་ཚུལ་ལྡན་གྱིས་བཤད། དེ་འཕྲལ་ཁོའི་སེམས་སུ་རང་ཉིད་ཡུལ་ན་ཡོད་དུས། ལྷ་སར་འགྲོ་མྱོང་བ་ཚོས་ཁྲོམ་གཟིགས་སྒང་གི་འགྲམ་ན་མགྲོན་ཁང་ཡོད་པའི་སྐོར་ལྷང་ངེར་དྲན་པས། ད་རེས་མགྲོན་ཁང་རྙེད་ངེས་རེད་སྙམ་སྟེ། “སྤོ་བོ་ལགས། ང་ཡང་མགྲོན་ཁང་འཚོལ་བར་འགྲོ་མཁན་ཡིན། ཡིན་ནའི་ས་ཆ་ཞིབ་ཕྲ་ངས་ངོ་མི་ཤེས”ཞེས་ལན་བཏབ། དེ་ནས་ཁོ་གཉིས་མཉམ་དུ་ཁྲོམ་གཟིགས་སྒང་འཚོལ་བར་འགྲོ་རྒྱུ་མོས་མཐུན་བྱུང་།
           དེ་ནས་མདུན་ཕྱོགས་སུ་གོམ་པ་བཅུ་ཕྲག་འགའ་སྤོས་རྗེས་གློ་བུར་དུ་སྤོ་བོ་དེས་ས་ནས་ཅ་དངོས་ཤིག་སྒྲུག་སྟེ། རང་གི་གོས་ཀྱི་སྣེ་མོས་ཕྱིས་ཙམ་དང་ལག་པས་འཕུར་འཕུར་ལན་འགའ་བྱས་རྗེས། མིག་གཉིས་ཆེར་གདངས་ནས་ཧ་ལས་པའི་ངང་ཉེ་འགྲམ་དུ་ལྟ་ཙམ་དང་གསང་བ་ཆེན་པོས། “རྒན་ལགས། འདི་གཟི་མིག་གསུམ་པ་ཟེར་བ་དེ་མ་རེད་དམ”ཟེར་བཞིན་ཧང་སངས་མདོག་བྱེད། དབང་རྡོར་གྱིས་སྤོ་བོ་ལགས་ཀྱི་ལག་པའི་གཟི་དེར་ལྟ་བཞིན“ཁྱེད་རང་ལ་བསོད་ནམས་འདུག”ཅེས་བཤད། སྤོ་བོ་དེས“མ་རེད། འདི་ང་གཉིས་མཉམ་དུ་རྙེད་པ་རེད། ང་གཅིག་པུའི་ག་ལ་ཡིན”ཟེར་བས། དབང་རྡོར་ཡང་འགྲམ་ཆུ་ལྡང་བཞིན་སེམས་ནང་དགའ་བས་ཁེངས།
          དེ་མུར་གང་ནས་ཐོན་ཡོང་མིན་མི་ཤེས་པའི་ལག་གཡས་སུ་ཕྲེང་བ་དཀར་པོ་ཞིག་བཟུང་བ་དང་། ལག་གཡོན་པར་ལག་ཐོགས་ཁ་པར་ཆེན་པོ་ཞིག་འཁྱེར་བའི་ཕོ་གསར་ཤ་རྒྱགས་པ་ཞིག་ཡོང་སྟེ། མྱུར་མོར་སྤོ་བོའི་ལག་པ་ནས་གཟི་དེ་ཚུར་བླངས་ཏེ་ལྟ་ཡག་ཅིག་བྱས་ནས། “ཁྱོད་གཉིས་ཀྱི་འདི་ཨེ་འཚོང”ཟེར། དེ་འཕྲལ་སྤོ་བོ་ལགས་ཀྱིས“ཁྲི་གཅིག་བྱས་ན་འཚོང་གི་ཡིན”ཞེས་ལན་བཏབ། ཕོ་གསར་དེས“འདི་གཟི་སྤྱིར་བཏང་ཞིག་རེད། གོང་མཐོ་པོ་དེ་འདྲ་ཁུག་གི་མ་རེད། བཞི་སྟོང་གྱིས” “མིན། མིན། གོང་དེ་འདྲར་རྩ་བ་ནས་འཚོང་གི་མིན”ཞེས་རྩོད་པ་བརྒྱབ། དེའི་སྐབས་དབང་རྡོར་གྱིས“ད་འོ་ན་བརྒྱད་སྟོང་སྤྲོད”ཟེར་བས། ཕོ་གསར་དེས་མནོ་བསམ་ཡུད་ཙམ་བཏང་རྗེས། “ཡ་འགྲིག སྟོང་ཕྲག་བརྒྱད་སྤྲོད། ད་ལྟ་འདིར་དངུལ་མང་པོ་འཁྱེར་མེད་པས། ཁྱོད་གཉིས་གཅིག་ང་དང་མཉམ་དུ་དངུལ་ལེན་པར་འགྲོ”ཟེར།
          སྐབས་དེར་སྤོ་བོས་དབང་རྡོར་ཟུར་ཞིག་ཏུ་འཁྲིད་ནས“ཁྱོད་མི་དེ་དང་མཉམ་དུ་དངུལ་ལེན་པར་སོང་། ངས་གཟི་ཉར་ནས་འདིར་སྒུག་བསྡད་ཆོག”ཟེར། དབང་རྡོར་གྱི་བསམ་པར་རང་ཉིད་ཕོ་གཞོན་དེ་དང་མཉམ་དུ་སོང་ན། སྤོ་བོས་གཟི་འཁྱེར་ནས་བྲོས་ན་དོགས་ནས། “སྤོ་བོ་རང་ཁོ་དང་མཉམ་དུ་སོང་། ངས་འདིར་སྒུག་བསྡད་ཆོག”ཅེས་བཤད་པར། སྤོ་བོས“དེ་འདྲ་བྱས་ན་ཁྱེད་ཀྱིས་གཟི་འཁྱེར་ནས་སོང་ན་ང་གང་དུ་འཚོལ་བར་འགྲོ་དགོས་སམ། ང་གྲོང་གསེབ་ནས་ཡོང་བའི་རྒན་རྒོན་གཅིག ཆ་རྒྱུས་འདི་རྒྱུས་མེད་པའི་མིའི་ལུང་པར་གང་འདྲ་བྱེད་དགོས། དེ་ལས་ཁྱེད་ཀྱིས་ང་ལ་གཏའ་མ་སྒོར་བཞི་སྟོང་བཞག་ནས་གཟི་འདི་ཉར་ནས་སྒུག་སྡོད། ངས་དངུལ་ལེན་པར་སོང་ནས་སླེབས་ཡོང”ཟེར། དབང་རྡོར་གྱི་བསམ་པར་གཟི་དེའི་རིན་ཐང་སྒོར་བཞི་སྟོང་གི་ཚད་ཀྱི་མ་རེད་བསམ་བཞིན་ཁུག་མའི་ནང་ནས་སྒོར་བཞི་སྟོང་བཏོན་ཏེ་སྤོ་བོར་སྤྲད། དེ་མུར་ཕོ་གཞོན་དེ་དང་སྤོ་བོ་གཉིས་རླངས་འཁོར་ནང་འཛུལ་ནས་འུར་སྒྲ་དང་བཅས་སྐད་ཅིག་ཉིད་དུ་ཁོའི་མིག་ལམ་ལས་ཡལ།
           དབང་རྡོར་གྱི་ལག་ནང་གི་གཟི་དེར་འཕུར་འཕུར་གཏོང་ཞིན་བློ་ངོར་དེ་རིང་དེ་འདྲའི་ལམ་འགྲོ་ཆེ་བ་ལ། དངོས་གྲུབ་ཆེན་པོ་འདི་འདྲ་ཞིག་དཀོན་མཆོག་གིས་གནང་བ་མིན་ནམ་སྙམ། དེ་ལྟའི་ངང་ཁོས་ས་དེར་ཆུ་ཚོད་གསུམ་སྒུག་ཀྱང་ཁོ་གཉིས་ཀྱི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད། དེ་ལྟར་དབང་རྡོར་གྱིས་ཉི་མ་ལ་རྩེར་མ་བཞུད་བར་སྒུག་ཀྱང་རེ་བ་འབྲས་མེད་དུ་སོང་བས། རིམ་བཞིན་ཁོའི་གདོང་གི་འཛུམ་མདངས་ཡལ་ཞིང་། རང་བཞིན་དུ་དངངས་འཚབ་དང་འཇིགས་སྣང་སྐྱེས། ཁོས་བྲེལ་འཚུབ་ཆེན་པོས་སྤོ་བོ་དེ་འཚོལ་བར་འགྲོ་འགོ་བརྩམས། ཁོས་གཡས་གཡོན་དུ་མིག་མྱུལ་ཞིག་བརྒྱབ་པས་སྒོ་སྟེང་དུ་གཡག་མགོ་བཀལ་བའི་རྙིང་ཆས་ཚོང་ཁང་ཞིག་མཐོང་། ཁོས་གོམ་སྟབས་མྱུར་དུ་སྤོས་ཏེ་ཡར་ཕྱིན་པས། གཡུ་བྱུར་སོགས་རྒྱན་ཆ་སྣ་ཚོགས་འཚོང་རྒྱུ་ཡོད་ལ། རང་ཉིད་ཀྱི་ལག་ནང་གི་གཟི་དེ་དང་འདྲ་བའི་གཟི་མང་པོ་འཚོང་རྒྱུ་འདུག་པས། ཁོའི་སེམས་ཀྱི་དོགས་གཞི་སྔར་བས་ཆེ་རུ་ཕྱིན། ཁོའི་སྙིང་ལུ་གུ་ལྡིང་ལྡིང་བྱེད་པ་དང་ཡ་ཁུང་གཡས་གཡོན་གཉིས་ནས་རྔུལ་ཆུ་ཁྲུམ་ཁྲུམ་དུ་ཐོན། འོན་ཀྱང་ཁོས་རིག་པ་སྒྲིམ་ནས། “ཚོང་དཔོན། གཟི་དེ་རིགས་ཉོ་འམ”ཞེས་རང་ཉིད་ཀྱི་གཟི་དེ་བསྟན་པས། ཚོང་དཔོན་དེས་གཟི་དེར་ལྟ་ཙམ་བྱས་རྗེས། “ཨོ། ཁྱེད་རང་གི་གཟི་དེ་དང་ངའི་འདི་ཚོ་གཅིག་པ་གཅིག་རྐྱང་རེད། གལ་ཏེ་ཁྱེད་རང་གཟི་དེ་རིགས་ཉོ་ན། རྐང་རེར་སྒོར་མོ་ཉི་ཤུ་རེད། ད་དུང་སྡེབ་ཉོས་བྱས་ན་རིན་གོང་གཅོག་རྒྱུ་འདུག”ཟེར་བས། དེ་མུར་ཁོའི་ངོ་གདོང་ཐལ་སྐྱར་གྱུར་བ་དང་། མཆུ་ཏོའང་ལྷེབ་ལྷེབ་ཏུ་འདར་གྱིན་དབང་མེད་དུ། “དཀོན་མཆོག་མཁྱེན། ངའི་སྒོར་མོ་སྟོང་ཕྲག་བཞི”ཟེར་བཞིན་སེམས་སྡུག་དང་འགྱོད་གདུང་གི་མིག་ཆུ་དབང་མེད་དུ་ཤོར་བཞིན་འགྱེལ་ལ་ཁད་དུ་གྱུར་ཏོ།
      

    ཕྱོགས་བསྡུས་གསར་འགྱུར།