འཚོལ་བཤེར།   
藏文频道
2014ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲུང་པུས་སྤྱི་ལོ་༢༠༡༤ལོའི་ཟླ་བ་༡༢པའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་
    སྐོང་འཚོགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 12ཚེས་26ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
           མི་དངམས་དྲ་བའི་འཕྲིན། སྤྱི་ཚེས་༢༥ཉིན། རྒྱལ་སྲུང་པུས་འདི་ལོའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུ་མཇུག་ཤོས་དེ་འཚོགས་པ་དང་། གསར་འགྱུར་མགྲིན་ཚབ་པ་ཡང་ཡུད་ཅུན་གྱིས་ཉེ་དུས་ཀྱི་དམག་དོན་གནད་དོན་གཙོ་བོའི་ཐད་གསར་འགོད་པས་བཏོན་པའི་འདྲི་བར་ལན་བསྐྱོན་ཡོད་པ་རེད། ཉེ་དུས། ཨ་རིའི་ཙུང་ཐུང་ཨའོ་པ་མས་ཐེ་དབན་ལ་ཐོན་གསར་པའི་དམག་གྲུ་བཞི་འཚོང་རྒྱུ་ཡིན་པ་དངོས་སུ་མོས་མཐུན་བྱས་པར། ཡང་ཡུད་ཅུན་གྱིས་དེའི་ཐད་ཀྱི་ལངས་ཕྱོགས་གསལ་བཤད་གནང་སྐབས། དོན་དེར་ང་ཚོས་ཧ་ཅང་གིས་མི་འདོད་པ་བྱེད་པ་དང་བློ་ཐག་ཆོད་པོས་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོས་ཨ་རིའི་ཕྱོགས་ནས་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་གོང་འཕེལ་གྱི་དུས་བབ་ཆེན་པོར་གནོད་འཚེ་བཟོ་བ་དང་གཏོར་བཤིག་གཏོང་བའི་བྱ་སྤྱོད་མཚམས་འཇོག་བྱས་ཏེ། ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་པོ་དང་དམག་དཔུང་གཉིས་པོའི་བར་གྱི་འབྲེལ་བ་མུ་མཐུད་སྐྱོན་བྲལ་དང་བརྟན་པོས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་དུས་བབ་ཀྱི་འཕེལ་ཚུལ་ལ་དོ་ཁུར་ནན་པོ་བྱེད་རྒྱུ་མ་ཟད་གནས་ཚུལ་ལ་གཞིགས་ཏེ་དེ་བསྟུན་གྱི་ལན་ཆ་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
          གསར་འགྱུར་ལས་རིགས་ཀྱིས་ཀྲུང་གོས་ཏེའོ་ཡུད་དའོ་གླིང་ཕྲན་ནས་སྤྱི་ལེ་སུམ་བརྒྱ་ཆོད་པའི་ནན་ལུ་སླད་དའོ་གླིང་ཕྲན་ཐོག་དམག་དོན་རྟེན་གཞི་བཙུགས་ཡོད་ཅེས་པའི་གནས་ཚུལ་སྤེལ་བར་དམིགས་ཏེ། ཡང་ཡུད་ཅུན་གྱིས། ཀྲུང་གོའི་ཕྱོགས་ཀྱིས་རང་ཉིད་ཀྱི་མངའ་ཁོངས་ས་ཆའི་ཐོག་བྱེད་སྒོ་གང་ཞིག་སྤེལ་བ་དང་འཛུགས་སྐྲུན་གང་ཞིག་བྱས་པར་རྩོད་གླེང་བྱེད་དོན་མེད། ལྗར་ཕན་གྱི་འབྲེལ་ཡོད་གསར་འགྱུར་ལས་རིགས་ཀྱིས་ཀྲུང་གོའི་རྒྱུན་གཏན་གྱི་འཛུགས་སྐྲུན་དང་བྱེད་སྒོར་ཚོད་དཔག་གང་བྱུང་བྱས་པ་དང་། ས་ཁུལ་གྱི་དུས་བབ་ཛ་དྲག་ཏུ་གཏོང་བའི་ཁག་འགེལ་བྱས་པ་ནི་འུད་སྒྲོག་བྱེད་པ་ཁོ་ན་ཡིན་ཞེས་གསུངས་ཡོད། ཉེ་དུས་དྲ་ཐོག་ཏུ་ཀྲུང་གོའི་དམག་དཔུང་གི་མཐོ་རིམ་དཔོན་གནས་མང་པོ་གཅིག་སྡུད་ཀྱིས་ལེགས་སྒྲིག་བྱེད་བཞིན་ཡོད་ཅེས་པའི་གནས་ཚུལ་འཁོད་པར་དམིགས་ཏེ་ཡང་ཡུད་ཅུན་གྱིས། རང་དམག་གི་བཀའ་གཅད་སྲོལ་ཡིག་དང་སྒྲིག་སྲོལ་ལམ་ལུགས་ལ་གཞིགས་ན། རང་དམག་གིས་ལོ་ལྟར་འོས་མཚམས་སྐབས་སུ་འགོ་འཁྲིད་ལས་བྱེད་པ་ལེགས་སྒྲིག་ངེས་གཏན་བྱེད་ཀྱི་ཡོད། དེ་ནི་རྒྱུན་གཏན་གྱི་མི་དོན་བཀོད་སྒྲིག་ཅིག་ཡིན་ཞེས་གསུངས་ཡོད། གསར་འགོད་པ་ཞིག་གིས། དམག་དཔུང་གི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀའི་གནས་ཚུལ་གསར་ཤོས་དང་གོམ་སྟབས་རྗེས་མའི་འཆར་གཞི་གང་འདྲ་ཡིན་མིན་སྐོར་འདྲི་སྐབས། ཡང་ཡུད་ཅུན་གྱིས། ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་དམག་དཔུང་གིས་མུ་མཐུད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུ་ཡིན། དམག་དཔུང་ནང་རུལ་སུངས་པ་གབ་སྡོད་བྱེད་ས་ཡོད་མི་རུང་ལ། དམག་དཔུང་ནང་ཐོན་པའི་རུལ་སུངས་གྱོད་གཞི་དང་འབྲེལ་བ་ཡོད་ཕྱིན། མི་སུ་ཞིག་དང་། གོ་གནས་མཐོ་དམའ་གང་འདྲ་ཡིན་རུང་ཚང་མ་ཞིབ་བཤེར་མཐར་ཕྱིན་པ་བྱ་རྒྱུ་དང་། གུ་ཡངས་རྩ་བ་ནས་གཏོང་མི་སྲིད་ཅེས་གསུངས་ཡོད་པ་རེད། གསར་འགྱུར་ལས་རིགས་ཁག་ཅིག་གིས་གནས་ཚུལ་སྤེལ་བའི་ནང་། ཀྲུང་གོས་སྤྱི་ཟླ་༡༢པའི་ཚེས་༡༣ཉིན་ཐོན་གསར་པའི་ཤར་རླུང་༤༡རྟགས་ཅན་གླིང་ཆེན་ནས་གླིང་ཆེན་བར་འཕེན་པའི་མེ་ཤུགས་འཕུར་མདེལ་ཚོད་འཕེན་བྱས་ཡོད་ཅེས་བཤད་པའི་ཐད་ཡང་ཡུད་ཅུན་གྱིས། ང་ཚོས་རང་ཉིད་ཀྱི་མངའ་ཁོངས་ནང་འཆར་གཞི་ལྟར་སྤེལ་བའི་ཚན་ཞིབ་ཚོད་ལྟ་ནི་རྒྱུན་གཏན་རྣམ་པ་ཞིག་ཡིན། ཚོད་ལྟའི་བྱ་སྤྱོད་དེ་ནི་རྒྱལ་ཁབ་དང་དམིགས་འབེན་གང་རུང་ལ་དམིགས་ནས་སྤེལ་བ་ཞིག་མིན། བསལ་བཤད་བྱེད་དགོས་པ་ཞིག་ནི། ཀྲུང་གོས་རང་སྲུང་གི་འགོག་སྲུང་ལྡན་པའི་རྡུལ་ཉིང་འཐབ་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལ། གཞན་གྱི་སྔོན་ལ་རྡུལ་ཉིང་མཚོན་ཆ་བེད་སྤྱོད་མི་བྱེད་པའི་སྲིད་ཇུས་ལ་འགྱུར་བ་བཏང་མེད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།