འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་དབྱིན་ཇིས་ཇའི་རིག་གནས་ཀྱི་སྤེལ་རེས་བྱེད་སྒོ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་28ཉིན། དབྱིན་ཇིའི་ཉིའུ་ཅིན་ཁུལ་དུ་གནས་པའི་པེ་ཅིང་སློབ་ཆེན་དབྱིན་ཇིའི་སློབ་ཁུལ་དུ“ཀྲུང་གོ་དང་དབྱིན་ཇིའི་འཚོ་བའི་མཛེས་རིག་དབུ་ཚོགས—2018ལོའི་རྒྱལ་སྤྱིའི་ཇའི་མཛེས་རིག་དབུ་ཚོགས”འཚོགས་ཤིང་། ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་མི་སྣ་60ལྷག་ཙམ་དེའི་ནང་ཞུགས་པ་རེད།
             ཉིན་དེའི་རིག་གཞུང་ཚོགས་འདུའི་སྔ་ཆའི་བརྗོད་དོན་ནི“ཤར་ནུབ་ཀྱི་གཏམ་བཟང་། ཇའི་ལོ་རྒྱུས་དང་མཛེས་དཔྱད”ཅེས་པ་ཡིན་ལ་ཚོགས་འདུའི་ཕྱི་ཆར“ཀྲུང་གོ་དང་དབྱིན་ཇིའི་ཇ་སྟོན། ཇའི་སྤེལ་རེས་དང་ཚོང་དོན”ཞེས་པའི་བརྗོད་དོན་ཐོག་ནས་སྤེལ་བ་རེད།
            དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱི་སྤྱི་ཚོགས་དང་མིའི་རིགས་རིག་པའི་ཚན་ཁག་གི་ཚེ་གང་གི་དགེ་རྒན་ཆེ་མོ་བ་ཨེ་ལུན·མའེ་ཁེ་ཧྥ་ལན་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོའི་ཇ་དེ་ལོ་300ཡི་གོང་དབྱིན་ཇིར་ཐོག་མར་སླེབས་ནས་དབྱིན་ཇི་བའི་འཚོ་བ་སྐྱེལ་སྟངས་རྦད་དེ་བསྒྱུར་བ་རེད། རྒྱལ་ཁབ་གཉིས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་གྱི་གྲས་ཤིག་ཡིན་པའི་ངོས་ནས་ཀྲུང་གོ་དང་དབྱིན་ཇིའི་རིག་གནས་སྤེལ་རེས་ཁྲོད་ཇས་ནུས་པ་གལ་ཆེན་འདོན་ཐུབ་རྒྱུར་ང་ལ་ཡིད་ཆེས་ཡོད་ཅེས་བརྗོད།
            ཚེས་28ཉིན་གྱི་ཕྱི་དྲོར་པེ་ཅིང་སློབ་ཆེན་གྱི་དབྱིན་ཇིའི་སློབ་ཁུལ་གྱི་མཚོ་ངོགས་སྐྱེད་ཚལ་དུ་ཇ་སྟོན་བྱེད་སྒོ་གཉེར་བ་རེད། ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་ཀྱིས་སུང་རྒྱལ་རབས་ལུགས་ཀྱི་ཇ་དང་ཧྥུའུ་ཅན་གྱི་ཀུང་ཧྥུ་ཇ་སོགས་སྦང་སྟངས་སྣ་ཚོགས་དང་། དེ་བཞིན་ཕུར་ཇ་དང་། ཇ་ཐའེ་ཕིང་ཧོའུ་ཁུའེ། ཇ་ཙི་ཅོན་ཧུང་སོགས་ཇ་ལོ་སྣ་མང་ལ་བརྟེན་ནས་ཀྲུང་གོའི་ཇ་ནི་ཇ་ལོ་དང་། ཇ་སྣོད། ཇ་སྟེགས། ཇ་སྟོན་བཅས་ཀྱི་ཐུན་མོང་མིན་པའི་མཛེས་རིག་མ་ལག་མངོན་པར་བྱས་ཡོད།
            གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་རེས་ཀྱི་དབུ་ཚོགས་དེ་བྱེད་སྒོ་ཕུན་སུམ་ཚོགས་པོ་ལས་གྲུབ་ཡོད། ཚེས་28ཉིན་གྱི་རིག་གཞུང་ཚོགས་འདུ་དང་ཇ་སྟོན་ཕུད་ཟླ་7ཚེས་29ནས་31ཉིན་བར་སྔ་རྗེས་སུ“ཀྲུང་གོའི་ཇ་དང་དབྱིན་ཇིའི་དགོང་ཇ་འཕྲད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དང་། “ཇ་ལོ་སྡེབ་སྒྲིག”བཟོ་རྩལ་ལས་སྒྲུབ་ཁང་། ཀྲུང་གོ་དང་དབྱིན་ཇིའི་ཇ་སྣོད་ཇུས་འགོད་དང་གསར་གཏོད་ཀྱི་ཆེད་དོན་སྤེལ་རེས་ཚོགས་འདུ། དབྱིན་ཇིའི་ཇའི་ཚོང་ཟོག་ཅན་དང་རྒྱལ་སྤྱི་ཅན་གྱི་ཉམས་མྱོང་མཉམ་སྤྱོད་ཚོགས་འདུ། “ཀྲུང་གོའི་ཇ་ནུབ་ཕྱོགས་སུ་ཁྱབ་པའི”ལམ་ཐིག་དང་འཐབ་ཇུས་ཀྱི་བརྗོད་དོན་གཙོ་བོའི་བཅར་འདྲི་སོགས་ཆེད་དོན་བྱེད་སྒོ་གཉེར་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་ཀྱི་ཇའི་རིག་གནས་དང་། ཇའི་ཐོན་ལས། ཇའི་ཚོང་དོན་བཅས་ཀྱི་སྤེལ་རེས་མཉམ་ལས་དང་གསར་གཏོད་ལ་སྐུལ་མ་གཏོང་རྒྱུ་དེ་ཡིན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།