འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་བཟོ་སྐྲུན་ལས་རིགས་ཀྱི“གནམ་ཕྱེད་ཀ”འདེགས་པ།

    ལྷོ་ཨ་ཧྥེ་རི་ཁར་བཅའ་སྡོད་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་དབྱིང་གཡན།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་01ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
             མི་དམངས་དྲ་བའི་འཕྲིན། ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་བདེ་འཇགས་ཞིབ་འཇུག་སུའོ་ཡིས་ཁྱབ་བསྒྲགས་བྱས་པའི་སྙན་ཞུའི་ནང་། ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕར་བའི་མི་མངོན་པའི་སྟོབས་ཤུགས་དེ་སྲིད་གཞུང་གིས་བཟོ་སྐྲུན་ལས་རིགས་སྡེ་ཚན་དར་སྤེལ་བཏང་བ་ལས་བྱུང་བ་ཞིག་རེད་ཅེས་བསྟན་ཡོད། བཟོ་སྐྲུན་ལས་རིགས་ནི་བཟོ་ལས་ཀྱི་ཀ་རྟེན་གལ་ཆེན་ཞིག་ཡིན་པ་དང་དཔལ་འབྱོར་སྡེ་ཚན་གཞན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་མཁན་གྱི་འགག་རྩའི་གནས་ཤིག་ཀྱང་རེད།
             ད་ཕན་ལོ་ཤས་རིང་ཀྲུང་གོའི་མ་འཇོག་ཁེ་ལས་མང་པོ་ཞིག་ཨ་ཧྥེ་རི་ཁར་བསྐྱོད་ཅིང་། མན་ཀེན་ཤིས་ཀྱི་བརྟག་དཔྱད་སྙན་ཞུ་གསར་ཤོས་ལ་གཞིགས་ན། ཨ་ཧྥེ་རི་ཁའི་དཔལ་འབྱོར་དངོས་ཚན་བརྒྱད་ནང་མ་འཇོག་ལས་དར་གྱི་ཀྲུང་གོའི་ཁེ་ལས་ཁྲི་1ལས་བརྒལ་བའི་ནང་གསུམ་ཆ་གཅིག་ནི་བཟོ་སྐྲུན་ཁེ་ལས་ཡིན་པ་རེད། ལྷོ་ཨ་ཧྥེ་རི་ཁ་ནི་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དུ་འགྱུར་མགྱོགས་ཤོས་ཀྱི་རྒྱལ་ཁབ་རེད་ལ། ཨ་ཧྥེ་རི་ཁའི་བཟོ་སྐྲུན་ལས་རིགས་ཀྱི་ལྟེ་གནས་སུ་འགྱུར་རེ་ཡོད་པ་རེད། ལྷོ་ཨ་ཧྥེ་རི་ཁར་ཡོད་པའི་ཀྲུང་གོའི་ཁེ་ལས(འཐུས་ཚབ་ཁྲུའུ)ཀྱི་གྲངས་འབོར་300ལས་བརྒལ་ནས་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་མི་དམན་པ་ཞིག་ཐོན་ཡོད།
           ལྷོ་ཨ་ཧྥེ་རི་ཁ་ནི་ཞིང་ལས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་ཞིང་ལས་ཀྱི་ཕྱིར་གཏོང་གྲངས་འབོར་ཆེ་མོད། འོན་ཀྱང་ཡང་བའི་བཟོ་ལས་ཀྱི་རྨང་གཞི་ཞན་པར་བརྟེན་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་ཕལ་ཆེ་བ་ནང་འདྲེན་བྱེད་དགོས་པས་རིན་གོང་མཐོ་བའི་ཁར་མཁོ་སྤྲོད་བྱ་རྒྱུ་མི་འདང་བའི་གནས་ཚུལ་འཕྲད་ཀྱི་ཡོད། ཁྲོམ་རའི་མདུན་ལམ་བཟང་བར་དམིགས་ནས་2004ལོར་ཀྲུང་གོའི་ཧྲན་ཏུང་ནས་ཡིན་པའི་སུན་ཤའོ་ཏུང་གིས་ལྷོ་ཨ་ཧྥེ་རི་ཁར་ཧྲུན་ཧྥང་ཚོགས་པ་བཙུགས་ཏེ་ཞིང་ལས་ཐུམ་སྒྲིལ་རྒྱུ་ཆ་ཕྱིར་གཏོང་དང་། ཐོན་སྐྱེད། བྲིན་ཚོང་བཅས་བྱས། ཚོགས་པ་བཙུགས་ནས་ད་བར་བཟོ་གྲྭ་བཞི་དང་ལས་མི་500ལྷག་ཙམ་ཡོད་པ་དང་ལོའི་ལས་གཉེར་ཡོང་འབབ་ལེན་ཐེ་དུང་ཕྱུར་3ཙམ་ཡོང་གི་ཡོད།
          སུན་ཤའོ་ཏུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཡང་བའི་བཟོ་ལས་ཐོན་ཟོག་ཆུང་ཙག་དེ་དག་ནི་ཞིང་ལས་ཐོན་སྐྱེད་ནང་མེད་ཐབས་མེད་པའི་ཐོན་ཟོག་ཤ་སྟག་རེད། ལྷོ་ཨ་ཧྥེ་རི་ཁར་ཐོག་མར་འབྱོར་སྐབས། ཞིང་སྤྱོད་ཀྱི་ཡང་བའི་བཟོ་སྐྲུན་ལས་རིགས་སྤྱིར་ན་མིན་འདུག ཐོན་ཟོག་དེ་དག་ཞིང་དུད་ཚང་མར་མཁོ་ཡང་། ཕྱི་རྒྱལ་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད། ལོ་བཅུ་གྲངས་ཁ་ཤས་འབད་བརྩོན་བྱས་མཐར། ད་ཆ་ཚོང་ཟོག་བྲིན་ཁ་རྒྱུག་པ་དང་ཚོགས་པའང་འཕེལ་རྒྱས་ཕྱིན་ནས་རང་ཉིད་ལ་དངུལ་རག་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་ཞིང་དུད་ཚོར་ཡང་བྱ་བ་བཟང་པོ་བསྒྲུབས་ཡོད་ཅེས་བཤད།
           “ས་གནས་དེ་རང་ཅན་དུ་འགྱུར་ཚད་མཐོ་རུ་གཏོང་ཆེད། ཀུང་སིས་ལྷོ་ཨ་ཧྥེ་རི་ཁར་གཞི་ཁྱོན་ཆེ་བའི་ལག་རྩལ་ནང་བཤུག་དང་ལག་རྩལ་རོགས་སྐྱོར་གྱི་ལས་དོན་སྤེལ་ཏེ་ས་གནས་ཀྱི་མཁོ་སྤྲོད་ཚོང་པར་མེ་འཁོར་མགོ་དང་དེ་བཞིན་ལྷུ་ལག་ཆེ་ཆུང་གི་དཔེ་རིས་དང་ལག་རྩལ་ཡིག་ཆ་7000ལྷག་ཙམ་ནང་བཤུག་བཏང་བ་མ་ཟད། ཁོང་ཚོར་ལག་ཆ་ཆ་ཚང་2000ལྷག་ཙམ་མཁོ་འདོན་བྱས་ཡོད། ང་ཚོས་མེ་འཁོར་མགོ་ཇུས་འགོད་དང་བཟོ་བའི་འབྲེལ་ཡོད་ལག་རྩལ་དང་ཤེས་བྱའི་ཐོན་དབང་སོགས་ལྷོ་ཨ་ཧྥེ་རི་ཁའི་བཟོ་སྐྲུན་པར་དམར་ཁྲིད་བྱས་པ་དང་དུས་བཀག་ཐོག་ས་གནས་ཀྱི་ཕུལ་བྱུང་ལས་མི་ཀྲུང་གོར་གསོ་སྦྱོང་བྱེད་ཀྱི་ཡོད། ལག་རྩལ་གཞན་སྒྱུར་བྱས་པར་བརྟེན་ཀྲུང་ཁྲེ་ཀྲུའུ་ཀྲོའུ་མེ་འཁོར་མགོའི་ཀུང་སིའི་མེ་འཁོར་མགོ་སྒྲིག་སྦྱོར་ལས་ཆོད་ཆེ་རུ་ཕྱིན་པ་དང་ལྷོ་ཨ་ཧྥེ་རི་ཁའི་ལྕགས་ལམ་འགྲིམ་འགྲུལ་ཁྱབ་ཁོངས་ཁྲོད་ཀྱི་ཤུགས་རྐྱེན་ཡང་ཆེ་རུ་ཕྱིན་ཁར། ལྷོ་ཨ་ཧྥེ་རི་ཁའི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད”ཅེས་ཀྲུང་ཁྲེ་ཀྲུའུ་མེ་འཁོར་མགོའི་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཝང་ཕན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པར་དེ་ལྟར་བཤད།
            ཧའེ་ཤིན་ཚོགས་པས་1996ལོར་ལྷོ་ཨ་ཧྥེ་རི་ཁར་མ་དངུལ་བཏང་ནས་བཟོ་གྲྭ་བཙུགས་ཚུན། ལོ་བཅུ་གྲངས་འབད་འཐབ་བྱས་པ་བརྒྱུད་ལྷོ་ཨ་ཧྥེ་རི་ཁའི་ཁྱིམ་ཚང་ཀུན་གྱིས་ཤེས་པའི་རྒྱལ་སྤྱིའི་སྤུས་རྟགས་སུ་གྱུར་ཡོད། མིག་སྔར་ཧའེ་ཤིན་གྱི་ཐོན་རྫས་ལྷོ་ཨ་ཧྥེ་རི་ཁའི་མུ་འབྲེལ་ཚོང་ཁང་3500ལྷག་ཙམ་དང་ཁྱིམ་སྤྱོད་གློག་ཆས་ཚོང་ཁང་500ལྷག་ཙམ་དུ་ཡོད་པ་དང་ས་གནས་འདིའི་མི་1000ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་པ་དང་མི་3000ལྷག་ཙམ་གཞན་བརྒྱུད་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་བྱས་ཡོད།
           ལྷོ་ཨ་ཧྥེ་རི་ཁའི་ཚོང་དོན་བཟོ་ལས་པུའི་པུའུ་ཀྲང་ཏའེ་ཝུའེ་སིས་ཧའེ་ཤིན་གྱིས་ལྷོ་ཨ་ཧྥེ་རི་ཁར་ལས་ཞུགས་ཀྱི་གོ་སྐབས་འབོར་ཆེན་མཁོ་འདོན་བྱས་པས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་མ་ཐེབས་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་ལའང་གསོན་ཤུགས་སྦྱིན་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།