འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་ལོ་སིའི་ལྷོ་རྒྱུད་ཀྱི་ཆུ་རག་ལོག་པའི་ལས་འཛོལ་
    ཐོན་ཁུལ་དུ་འབྱོར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན། ས་གནས་དེ་གའི་དུས་ཚོད་ཚེས་26ཉིན་གྱི་སྔ་དྲོའི་ཆུ་ཚོད་11ལ་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི“ཞི་བདེའི་མེ་འཁོར”སྨན་བཅོས་རུ་ཁག་གིས་སྐོང་སྒྲུབ་བྱས་པའི་སྨན་བཅོས་རིམས་འགོག་ཡན་ལག་རུ་ཁག་གིས་ལོ་སིའི་དམག་ཕྱོགས་ཀྱིས་བཏང་བའི་ཐད་འཕུར་གནམ་གྲུར་བསྡད་དེ་ལོ་སིའི་ལྷོ་རྒྱུད་ཀྱི་ཨ་སུའུ་ཕོ་ཞིང་ཆེན་ས་ནན་སའེ་རྫོང་གི་ཆུ་རག་ལོག་པའི་ལས་འཛོལ་གྱི་གེགས་སེལ་བཀོད་འདོམས་པུའུ་དང་གནོད་འཚེ་ཕོག་པའི་མི་སེར་གྱི་བཀོད་སྒྲིག་ས་ཚིགས་སུ་འབྱོར་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི“ཞི་བདེའི་མེ་འཁོར”སྨན་བཅོས་རུ་ཁག་ནི་ལོ་སིའི་རྒྱལ་སྲུང་པུས་གདན་དྲངས་པའི་གེགས་ཁུལ་དུ་ཐོག་མར་འབྱོར་མཁན་གྱི་ཕྱི་རྒྱལ་གྱི་དམག་མིའི་རོགས་སྐྱོབ་རུ་ཁག་ཅིག་ཡིན་པ་རེད།
         ལོ་སི་ཕྱོགས་ཀྱི་ལས་འཛོལ་ཐོན་ཁུལ་གྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ལོ་སིའི་དམག་ཕྱོགས་ཀྱིས་མི་200ལས་གྲུབ་པའི་འཚོལ་སྐྱོབ་དཔུང་ཁག་བཏང་ནས་འཚོལ་སྐྱོབ་བྱས་པ་དང་། ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ས་ཚིགས་6ལ་གཙོ་བོར་བཀོད་སྒྲིག་བྱས་ནས། གནོད་འཚེ་ཕོག་པའི་མང་ཚོགས་2000ལྷག་ཙམ་བསྡུ་ཉར་བྱས་ཡོད་པ་རེད། གནོད་འཚེ་ཕོག་པའི་མང་ཚོགས་ལ་ཆམ་ནད་དང་། བཤལ་ནད། འགོས་ནད། རྨས་སྐྱོན། པགས་ནད་བཅས་ཀྱི་ནད་རིགས་ཡོངས་ཁྱབ་ཏུ་གནས་ཡོད་པ་རེད། བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་གི་དམག་ཁོངས་སྨན་པ་དབུགས་ལམ་ཚན་ཁག་གི་ཀྲུའུ་རེན་གཞོན་པ་སྨན་པ་དཀའ་བཅུ་པ་ཁྲེན་ཀྲང་གིས་སྨན་བཅོས་རུ་ཁག་གིས་ད་ཐེངས་བཏང་བའི་མི་སྣ་ནི་ཚ་ཁུལ་གྱི་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་ཐོན་སྐབས་བྱུང་སླ་བའི་ནད་རིགས་ལ་བསམ་གཞིག་གང་ལེགས་བྱས་པ་དང་ཨ་སུའུ་ཕོ་རུ་འབྱོར་བའི་སྨན་བཅོས་རུ་མི་ནི་གོང་གསལ་ཆེད་ལས་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་ཤ་སྟག་ཡིན་པས“ང་ཚོས་གནོད་འཚེ་ཕོག་པའི་ས་ཁུལ་གྱི་ནད་འགོག་ནད་བཅོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཡིད་ཆེས་དང་ནུས་པ་ཡོད”ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་གིས་ཝན་ཐེན་དུ་མི་ཆོས་རིང་ལུགས་ཀྱི་གསོ་རིག་རོགས་སྐྱོབ་ཀྱི་མཉམ་འབྲེལ་ནང་སྦྱོང་ནང་ཞུགས་པའི་སྨན་བཅོས་གུར་དང་། འཕྲུལ་སྒུལ་ཆེ་རིགས་ཀྱི་མྱུར་སྐྱོབ་རླངས་འཁོར། འཕྲོད་བསྟེན་རིམས་འགོག་རླངས་འཁོར་སོགས་སྒྲིག་ཆས་དང་དེ་བཞིན་འཁྱེར་བདེ་བའི་Bསྒྲ་རླབས་འཕྲུལ་ཆས་དང་། སྙིང་པར། མྱུར་སྐྱོབ་སྨན་རྫས་སོགས་འཁྱེར་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།