འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞས་གཞུང་ཞབས་པའི་ཡིད་རྟོན་ཟིན་ཐོ་དེ་དཔྱད་ཞིབ་ཀྱི་གཞི་འཛིན་ས་གལ་ཆེན་ལ་བརྩིས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 11:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་24ཉིན། གསར་འགོད་པར་ཉིང་ཞ་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་གསལ། ཉེ་ཆར། ཉིང་ཞ་རང་སྐྱོང་ལྗོངས་ཀྱིས་《སྲིད་དོན་ཡིད་རྟོན་གཏོད་པའི་འབྲེལ་ཡོད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བརྡ་ཐོ་》(གཤམ་དུ་《བརྡ་ཐོ་》ཞེས་བསྡུ་རྒྱུ)བཏང་བ་དང་། བྱ་ཐབས་ཁག་12ལ་བརྟེན་ནས་སྲིད་གཞུང་གི་ཡིད་རྟོན་ནུས་པ་ཆེ་རུ་བཏང་སྟེ་སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་བཏང་ཡོད་པ་རེད། གཞུང་ཞབས་པའི་ཡིད་རྟོན་ཟིན་ཐོ་དེ་ལས་བྱེད་པར་དཔྱད་ཞིབ་བྱེད་པ་དང་། བསྐོ་སྤྱོད་དང་གདན་ཞུས་བསྐོ་སྤྱོད། བྱ་དགའ་ཆད་གཅོད་བཅས་ཀྱི་གཞི་འཛིན་ས་གལ་ཆེན་ལ་བརྩི་རྒྱུ་ཡིན་པ་རེད།
         《བརྡ་ཐོའི་》ནང་ས་ཁུལ་ཁག་དང་འབྲེལ་ཡོད་ཚན་པ་ཁག་གིས་ཁྲིམས་བཞིན་སྲིད་འཛིན་དང་། ཡིད་རྟོན་གཏོད་རྒྱུར་ཤུགས་སྣོན། གཞུང་ཞབས་པའི་ཡིད་རྟོན་དོ་དམ་ལ་ཤུགས་སྣོན་བཅས་རྒྱག་རྒྱུ་དེ་དམ་འཛིན་བྱེད་གཞིར་བརྩིས་ནས་སྲིད་དོན་ཡོངས་བསྒྲགས་བྱ་ཤུགས་ཆེ་རུ་གཏོང་བ་དང་། སྲིད་དོན་ཁྱབ་ཁོངས་ཀྱི་ཁ་དན་ཚིག་ལ་མ་གནས་པའི་ཟིན་ཐོ་འགོད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཁ་དན་ཚིག་ལ་མ་གནས་པར་ཆད་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བ་དང་ཁྲོམ་རའི་དྲང་གཞག་ཉོ་ཚོང་ལ་གནོད་འཚེ་བཟོ་བ་སོགས་ཀྱི་སྲིད་དོན་གྱི་ཁ་དན་ཚིག་ལ་མ་གནས་པའི་བྱེད་སྤྱོད་བཅོས་སྒྲིག་གི་གཙོ་གནད་ལ་བརྩི་བ་བཅས་བྱས་ནས་གཞུང་ཞབས་པའི་ཡིད་རྟོན་འགན་སྒྲུབ་ཀྱི་འདུ་ཤེས་དང་རིམ་ཁག་སྲིད་གཞུང་གི་ཡིད་རྟོན་སྲིད་འཛིན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་རྒྱལ་ཡོངས་དང་གཅིག་མཚུངས་དང་། ཉིང་ཞའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་སྲིད་དོན་ཡིད་རྟོན་གྱི་མ་ལག་སྤྱིར་ན་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།
         《བརྡ་ཐོའི་》ནང་རིམ་ཁག་མི་དམངས་སྲིད་གཞུང་དང་། དེའི་སྡེ་ཚན་དང་གཞུང་ཞབས་པས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནང་ཁྲིམས་འགལ་སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པའི་དབང་གིས་ཁྲིམས་འཛིན་ཁྲིམས་ཐག་བཅད་པ་དང་། སྲིད་འཛིན་ཆད་པ་བཅད་པ། སྒྲིག་ཁྲིམས་ཆད་པ་བཅད་པ། འགན་འཁྲི་བདའ་འདེད་ཀྱི་ཆད་པ་བཅད་པ་དང་མི་དམངས་ཁྲིམས་ཁང་གི་གོ་ཆོད་ཁྲིམས་ཐག་བཅད་པར་ལག་ལེན་གཏན་ནས་མི་བསྟར་བ་སོགས་ཆ་འཕྲིན་དག་སྲིད་འཛིན་ཁ་དན་ཚིག་ལ་མ་གནས་པའི་ཟིན་ཐོའི་ནང་བཅུག་ནས་ཡིད་རྟོན་གྱི་ཡིག་ཚགས་ཆགས་པར་བྱེད་དགོས་ཞེས་གསལ་སྟོན་བྱས་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།