འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཧོང་ཧྲན་རི་བོ་འཛམ་གླིང་གི་སྐྱེ་དངོས་རིགས་སྲུང་སྐྱོང་ཁུལ་གྱི་དྲ་རྒྱའི་ཁོངས་མི་
    གསར་པར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་28ཉིན། 11:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། སྤྱི་ཁྱབ་པུའུ་ཧྥ་རན་སེའི་ཕ་རི་སི་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྤྱི་བསྒྲགས་ནང་རྩ་འཛུགས་དེའི་མི་དང་སྐྱེ་དངོས་རིགས་ཀྱི་འཆར་གཞིའི་རྒྱལ་སྤྱིའི་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱིས་འཛམ་གླིང་སྐྱེ་དངོས་རིགས་སྲུང་སྐྱོང་ཁུལ་གྱི་དྲ་རྒྱའི་ནང་སྲུང་སྐྱོང་ཁུལ་གསར་པ་24འཇུག་རྒྱུའི་གཏན་འབེབས་བྱས་པའི་ནང་ཀྲུང་གོའི་ཧོང་ཧྲན་རི་བོ་ཚུད་ཡོད་པ་རེད།
         ཧོང་ཧྲན་རི་བོ་དེ་ཨན་ཧུའེ་ཞིང་ཆེན་ལྷོ་རྒྱུད་ཀྱི་ཧོང་ཧྲན་གྲོང་ཁྱེར་གྱི་ས་ཁོངས་ནང་ཡོད་པ་དང་རིའི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1200ཙམ་ཡོད་པའི་ནང་ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་ལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་160.6ཡོད་པ་རེད།
        ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་དེ་1990ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་རིག་གནས་དང་རང་བྱུང་ཤུལ་བཞག་མིང་གཞུང་ནང་ཚུད་པ་དང་2004ལོར་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་འཛམ་གླིང་ས་གཤིས་སྤྱི་གླིང་གི་དྲ་རྒྱའི་ནང་ཚུད་ཡོད། མི་དང་སྐྱེ་དངོས་རིགས་ཀྱི་འཆར་གཞིའི་རྒྱལ་སྤྱིའི་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱིས་ཧོང་ཧྲན་རི་བོའི་མཛེས་ལྗོངས་ཁུལ་ནང་གི་ནགས་ཚལ་སྣོད་བཅུད་མ་ལག་སྲུང་སྐྱོང་ཡག་པོ་བྱུང་ཡོད་པ་དང་གནའ་བོའི་སྐྱེ་དངོས་མང་པོ་ཞིག་ཀྱང་ཡོད་པས་དེ་ནི་ཧ་ཅང་གལ་འགངས་ཆེ་བའི་དངོས་པོའི་མཛོད་ཅིག་རེད་ལ། དེའི་ནང་སྐྱེ་དངོས་ཕུན་སུམ་ཚོགས་པོ་ཡོད་པའི་ངོས་འཛིན་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ལས་འཛིན་ལྷན་ཚོགས་ཀྱིས་ཚེས་23ཉིན་ནས་28ཉིན་བར་ཧིན་རྡུ་ཉི་ཞིས་ཡའི་གྲོང་ཁྱེར་ཅུས་ཀང་དུ་སྐབས་30པའི་ཚོགས་ཆེན་འཚོགས་ཤིང་། ད་ཐེངས་འཛམ་གླིང་སྐྱེ་དངོས་རིགས་སྲུང་སྐྱོང་ཁུལ་གྱི་དྲ་རྒྱའི་ནང་ཚུད་པའི་སྲུང་སྐྱོང་ཁུལ་གཞན་རྣམས་ལྷོ་ཨ་ཧྥེ་རི་ཁ་དང་། པོ་ཁི་ན་ཧྥ་སོ། ཁྲའོ་ཞན། ཧན་གོ སི་ཕེན། རྒྱ་གར། ཧིན་རྡུ་ཉི་ཞི་ཡ། དབྱི་ཐ་ལི། མ་ཏ་ཀ་སི་ཁར་སོགས་རྒྱལ་ཁབ་ཡོད་པ་རེད།
          མི་དང་སྐྱེ་དངོས་རིགས་ཀྱི་འཆར་གཞི་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་དུས་འགོར་སྤེལ་བའི་སྲིད་གཞུང་དབར་གྱི་རིག་ཚན་ལས་བརྒལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་འཆར་གཞི་ཆེ་གྲས་ཤིག་རེད། འཛམ་གླིང་སྐྱེ་དངོས་རིགས་སྲུང་སྐྱོང་ཁུལ་གྱི་དྲ་རྒྱ་ནི་དེའི་ལྟེ་བའི་ཆ་ཤས་ཞིག་ཡིན་པ་དང་སྲུང་སྐྱོང་དང་། རྒྱུན་མཐུད་འཕེལ་རྒྱས། ཚན་ཞིབ་ཀྱི་སློབ་ཁྲིད་མཁོ་འདོན། གསོ་སྦྱོང་། ལྟ་ཞིབ་ཚད་ལེན་རྟེན་གཞི་སོགས་སྣ་མང་གི་ནུས་པ་ལྡན་ཞིང་། དེའི་དམིགས་ཡུལ་ནི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་སྤྱི་ཚོགས་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་མཐུན་སྦྱོར་བྱ་རྒྱུ་དེ་རེད། མིག་སྔར་རྒྱལ་ཁབ་དང་ས་ཁུལ་122ཀྱི་སྲུང་སྐྱོང་ཁུལ་686འཛམ་གླིང་སྐྱེ་དངོས་གླིང་སྲུང་སྐྱོང་ཁུལ་གྱི་དྲ་རྒྱའི་ནང་བཅུག་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།