འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཧའར་པིན་འགག་སྒོས་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་བྱས་པའི་
    གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ཧུའུ་ལིན་དུ་བཅའ་སྡོད་ཧའར་པིན་དོན་གཅོད་ཁྲུའུ་ཡིས་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་གཅོད་ཐུབ་པ་དང་། འབྲེལ་ཡོད་སྡེ་ཚན་གྱིས་ར་སྤྲོད་བྱས་པ་བརྒྱུད་གྱོད་འབྲེལ་དངོས་རྫས་ཀྱི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་1.06ཟིན་ཡོད། འདི་ནི་འགག་སྒོས་ཉེ་བའི་ལོ་ཤས་ནང་ཐེངས་གཅིག་རང་ལ་རྩད་གཅོད་ཐུབ་པའི་སྟོངས་ཉེར་ཡོད་པའི་སྲོག་ཆགས་ཀྱི་ཐོན་རྫས་ལྐོག་ཚོང་གི་གྲངས་འབོར་མང་ཤོས་ཟིན་པའི་གྱོད་གཞི་ཞིག་རེད།
            ཟླ་4ཚེས་26ཉིན་གྱི་སྔ་དྲོར། ཧེ་ལུང་ཅང་ཞིང་ཆེན་ཧུའུ་ལིན་འགག་སྒོར་འགག་སྒོའི་ལས་དོན་པས་ཉིན་དེའི་སྔ་དྲོ་རྒྱལ་མཚམས་སྒྲོལ་བའི་དུས་གཏན་མེ་འཁོར་དང་ཟོག་འདྲེན་རླངས་འཁོར་ཁ་ཤས་ལ་ཞིབ་བཤེར་བྱས་ནས་གློད་རྗེས། ཨུ་རུ་སུའི་དོས་སྒམ་རླངས་འཁོར་ཞིག་ཧུའུ་ལིན་འགག་སྒོའི་མཐའ་མཚམས་བརྒྱུད་ནས་འགག་སྒོའི་ལས་དོན་པའི་འགྲམ་དུ་དལ་བུར་འོང་། དེ་གོང་རླངས་འཁོར་དེ་རང་རྒྱལ་གྱི་མངའ་ཁོངས་སུ་ཉིན་24སྡོད་མྱོང་བས་འགག་སྒོའི་ལས་དོན་པར་དོགས་པ་སྐྱེས། ས་ཆ་དངོས་སུ་ལས་སྣེ་འཁྲིད་མཁན་ཁོའོ་ཀྲང་དང་འགག་སྒོའི་ལས་རེས་ལས་དོན་པས་རླངས་འཁོར་དེར་གཙོ་གནད་ཞིབ་བཤེར་བྱ་རྒྱུའི་གྲོས་བྱས་པ་རེད།
           ཉིན་དེའི་ཆུ་ཚོད་19ཙམ་ལ་འགག་སྒོའི་ལྐོག་ཚོང་བ་འཛིན་མཁན་གྱིས་རླངས་འཁོར་གྱི་དོས་སྒམ་ནས་རིང་ཚད་སྨི་3དང་། ཞེང་ཚད་སྨི་2.8 མཐུག་ཚད་སྨི་0.5ཟིན་པའི་ཤོ་གཟུགས་སྦས་སྒམ་ཞིག་རྙེད། དེར་འགྱིག་ཤོག་གིས་བཏུམས་པའི་ལྐོག་ཚོང་དངོས་ཟོག་མང་པོ་བླུགས་ཡོད་པ་དེ་དག་ནི་བ་སོ་རྐང་2དང་། གཙོད་རུ་རྐང་1276 མཚོ་གླང་གི་མཆེ་བ་རྐང་406 དོམ་གྱི་མཆེ་བ་རྐང་70 ཆུ་སྲིན་གྱི་མཆེ་བ་རྐང་226 དོམ་མཁྲིས་རྐང་44 ཤ་བའི་ཕོ་རྟགས་རྐང་4 དེ་བཞིན་གླང་པོ་སྤུ་བཟང་གི་བ་སོ་རྐང་156 རྒྱ་མའི་སྐྱོགས་འབུ་སྤྱི་རྒྱ་319.25སོགས་ཡོད། ཚེས་27ཉིན་གྱི་ཐོ་རེངས་ཆུ་ཚོད་2པ་ཙམ་ལ་འགག་སྒོའི་ལྐོག་ཚོང་བ་འཛིན་མཁན་ཧུའུ་ལིན་འགག་སྒོར་བསྐྱོད་དེ་འགག་སྒོའི་ལྟ་འདོམས་ཁུལ་ཕྱི་རོལ་གྱི་རླངས་འཁོར་དུ་ཡིབ་པའི་ཨུ་རུ་སུའི་འཁོར་བདག་དེ་བཟུང་པ་རེད། དེ་དང་ཆབས་ཅིག་ཧུའུ་ལིན་དུ་བཅའ་སྡོད་དོན་གཅོད་ཁྲུའུ་ཡིས་རླངས་འཁོར་དེའི་ཐོག་གི་དངོས་ཟོག་གི་བདག་པོ་རྩད་ཆོད་པ་དང་འབྲེལ་ཚེས་27ཉིན་གྱི་སྔ་དྲོ་དངོས་ཟོག་གི་བདག་པོ་བཟུང་པ་རེད། མིག་སྔའི་བར་རྒྱལ་ཁབ་ཕྱི་ནང་གི་ལྐོག་ཚོང་གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་8བཟུང་པ་དང་གྱོད་གཞི་དེ་སྔར་བས་མྱུལ་ཞིབ་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།