འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱབ་ཤ་དཀར་པོའི་དེབ་ནང་མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་རགས་
    ཙམ་བཙུགས་ཡོད་ཅེས་འཁོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་20ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་18ཉིན་བཏོན་པའི་《མཚོ་བོད་ས་མཐོའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གནས་ཚུལ་》གྱི་རྒྱབ་ཤ་དཀར་པོའི་དེབ་ནང་མིག་སྔར་མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དེ་རང་བྱུང་སྲུང་སྐྱོང་ཁུལ་གཙོ་བོར་བྱེད་པ་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་ཕྱོགས་སུ་སྒྱུར་བཞིན་ཡོད་ཅེས་འཁོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་1994ལོར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྲོལ་ཡིག་》ཁྱབ་བསྒྲགས་ལག་བསྟར་བྱས་རྗེས། རང་བྱུང་སྲུང་སྐྱོང་ཁུལ་གྱི་རིམ་པའི་མ་ལག་དང་། དོ་དམ་སྒྲིག་གཞི། བྱེད་ནུས་ཁུལ་བཅས་ཁ་གསལ་བཟོས་ནས། མཚོ་བོད་ས་མཐོའི་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་དེ་མགྱོགས་ལ་བརྟན་པའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད་པ་དང་། མིག་སྔར། མཚོ་བོད་ས་མཐོར་རིམ་ཁག་རང་བྱུང་སྲུང་སྐྱོང་ཁུལ155(དེའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་41དང་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་64ཡོད)བཙུགས་པའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་82.24ཟིན་པ་དེས་ས་མཐོའི་སྤྱིའི་རྒྱ་ཁྱོན་གྱི་31.63%ཙམ་དང་ཀྲུང་གོའི་སྐམ་སའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་57.56%བཟུང་ནས། ས་མཐོའི་ཐུན་མོང་མ་ཡིན་པ་དང་ཉམས་ཞན་གྱི་སྣོད་བཅུད་མ་ལག་དང་དེ་བཞིན་རྩ་ཆེའི་སྐྱེ་དངོས་ཐོན་ཁུངས་དག་ལ་གཞི་རྩའི་ཆ་ནས་ཁྱབ་ཡོད་ཅེས་འཁོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་བྱ་ཡུལ་གྱི་མ་ལག་འཛུགས་རྒྱུ་བཏོན་པ་དང་། 2016ལོར་རྒྱལ་ཁབ་ཀྱིས་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟའི་ཇུས་གཞིར་》དངོས་སུ་ཆོག་མཆན་གནང་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་སྒྱུར་བཅོས་ཀྱི་ཚོད་ལྟ་ཐེངས་དང་པོ་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་གཙང་གསུམ་ཆུ་འགོའི་རང་བྱུང་སྣོད་བཅུད་ཐོན་ཁུངས་གལ་ཆེན་རྒྱལ་ཁབ་ལ་དབང་བ་དང་། དམངས་ཡོངས་ཀྱིས་མཉམ་སྤྱོད་ཐུབ་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་ཆེད་ཡིན་ཞེས་འཁོད་ཡོད།
         མཚོ་སྔོན་ཞིང་ཆེན་གྱིས་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྲོལ་ཡིག(ཚོད་ལྟ་ལག་བསྟར)》བཟོས་ཏེ་སྤྱི་གླིང་གི་གདོད་མའི་རྣམ་པར་ཞིབ་བཤེར་དང་། སྲུང་སྐྱོང་བྱ་ཡུལ། བདག་དབང་ལམ་ལུགས། རྒྱུ་ནོར་བུ་ལོན་རེའུ་མིག སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། སྣོད་བཅུད་ཁོར་ཡུག་ལྟ་ཞིབ་ཚད་ལེན། རིག་གནས་ཤུལ་བཞག་སྲུང་སྐྱོང་། སྣོད་བཅུད་ཁ་གསབ། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། ནད་ཡམས་ཞིབ་བཤེར་སོགས་ཐད་ནས་སྤྱི་གླིང་དོ་དམ་བྱེད་ཕྱོགས་གཏན་འབེབས་ཁ་གསལ་བཟོས་པ་རེད།
         2018ལོའི་ཟླ་དང་པོར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་《གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྤྱིའི་འཆར་འགོད་》པར་འགྲེམས་བྱས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་། སྤྱིའི་བཀོད་ཇུས། བྱེད་ནུས་ཀྱི་ངེས་གནས། དོ་དམ་དམིགས་ཚད་སོགས་སྔར་བས་གསལ་བཟོ་བྱས་ཡོད། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ་དེས་མཚོ་བོད་ས་མཐོ་དང་ཉེ་འཁོར་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་ལ་སྣེ་ཁྲིད་དང་དཔེ་སྟོན་ནུས་པ་ཐོན་རྒྱུ་རེད་ཅེས་འཁོད་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།