འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དར་ལག་ཏུ“དྲ་རྒྱའི”དོ་དམ་འཐུས་སྒོ་ཚང་དུ་བཏང་བ་དང“དྲ་མིག”
    གི་ཞབས་ཞུར་ཕན་འབྲས་ཐོན་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དར་ལག་རྫོང་གིས་འབྲོག་ཁུལ་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་རྒྱུན་ཆད་མེད་པར་གསར་གཏོད་བྱས་ནས“ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་དང་། དྲ་མིག་ཅན། གྲངས་གཞི་ཆེན་པོ”བཅས་ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ཡོད།
         2013ལོ་ནས་བཟུང་དར་ལག་རྫོང་གིས་སྤྱི་ཚོགས་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་ཞིང་ཆེན་ཡོངས་སུ་སྔོན་ལ་འབྲོག་ཁུལ་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་བྱེད་སྟངས་གསར་གཏོད་བྱས་པ་དང་འབྲེལ་དོན་དངོས་དང་ཟུང་འབྲེལ་གྱིས་བསམ་ཕྱོགས་གསར་གཏོད་དང་། བློ་ཁོག་ཆེན་པོས་ཚོད་ལྟ། ལག་ལེན་ནང་ཞུགས་པ་བཅས་ཀྱི་སྒོ་ནས་རྫོང་ཡོངས་ཀྱི་ས་ཁོངས་ཚན་རིག་དང་མཐུན་པའི་ངང་དྲ་མིག་257(གྲོང་ཚོ་དང་། སྡོད་ཁང་། སྡེ་ཁུལ། དགོན་སྡེ། སློབ་གྲྭ། དབུལ་སྐྱོར་མཉམ་ལས་ཁང་བཅས་ཚུད)ལ་དབྱེ་ནས“རྫོང་དང་། ཤང་། གྲོང་ཚོ། སྡེ་ཁུལ། དྲ་མིག”བཅས་རིམ་པ་ལྔའི་དོ་དམ་ལམ་སྲོལ་བཙུགས་ཏེ་ཁོངས་གཏོགས་ཁུལ་ནང་གི་མི་དང་། ས་ཆ། དངོས་པོ། གནས་ཚུལ། བྱ་བ། རྩ་འཛུགས་བཅས་ཚང་མ་དྲ་མིག་དོ་དམ་ནང་བཅུག་པས་ཤང་དང་གྲོང་རྡལ་གྱི་སྤྱི་ཚོགས་དོ་དམ་དེ“དྲ་རྒྱ”ནས་འཐུས་ཚང་དུ་སོང་བ་དང་། སྤྱི་པའི་ཞབས་ཞུར“དྲ་མིག”ནས་ཕན་འབྲས་ཐོན་པ། བདེ་འཇགས་བརྟན་ལྷིང“ཕྱོགས་ཡོངས”ནས་བྱུང་ཡོད་པ་རེད།
         ན་ནིང་དར་ལག་རྫོང་གིས་འབྲོག་ཁུལ་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་ལ་མུ་མཐུད་སྐུལ་མ་བཏང་ནས་དྲ་སྦྲེལ་དང་རྩིས་འཁོར་མཉེན་ཆས་ཀྱི་ལག་རྩལ་ལ་བརྟེན་ནས་དྲ་མིག་ཅན་གྱི་ཆ་འཕྲིན་མ་ལག་གི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་བཏང་བས་སྤྱི་བདེ་དང་། ཁྲིམས་འཛིན། དམངས་སྲིད། དབུལ་སྐྱོར། སྤྱི་ཚོགས་འགན་ལེན། སློབ་གསོ། ཏང་འཛུགས་སྐྱོང་། བདེ་འཇགས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཕྱོགས་མང་པོའི་ཆ་འཕྲིན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་སོང་བ་དང་འབྲེལ་ཆ་འཕྲིན་གྱི་གྲངས་གཞིའི་མཛོད་ཆེ་མོའི་ནང་བཅུག་ཐུབ་པ་བྱུང་སྟེ་སྤྱི་བདེའི་དྲ་རྒྱའི་གྲངས་གཞི་དང་། ཁྲིམས་འཛིན་དྲ་རྒྱའི་གྲངས་གཞི། སྒུལ་བདེའི་མཐའ་སྣེའི་གྲངས་གཞི། དྲ་མིག་ཅན་གྱི་གྲངས་གཞི། དྲ་རྒྱའི་གླེང་ཕྱོགས་གྲངས་གཞི། དྲ་སྦྲེལ་གྱི་གྲངས་གཞི་བཅས“གྲངས་གཞི་ཆེ་གྲས་དྲུག” གཞི་གཅིག་ཏུ་འདུས་པའི་གྲངས་གཞི་ཆེན་པོའི་ལས་སྟེགས་ཤིག་གྲུབ་པ་མ་ཟད། མཐའ་སྣེའི་ལག་རྩལ་སྤྱད་དེ་གྲོང་ཚོའི་སྡེ་ཁུལ་དང་། ཡུལ་མིའི་ཁྱིམ་ཚང་གི་གཞི་རྩའི་ཆ་འཕྲིན། ཕྱོགས་མིའི་གཞི་རྩའི་ཆ་འཕྲིན། དགོན་སྡེའི་ཆ་འཕྲིན་སོགས་གཞི་རྩའི་ཆ་འཕྲིན་ཁྲི་210ལྷག་ཙམ་དུས་ཐོག་ཏུ་གཅིག་སྡུད་ངང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དྲ་མིག་ཅན་གྱི་གྲངས་གཞི་ཆེན་པོའི་ལས་སྟེགས་སུ་བསྡུ་སྒྲིལ་བརྒྱུད་སྐྱེལ་བྱས་ནས་སྤྱི་ཚོགས་དོ་དམ་གྱི་ཞབས་ཞུ་ཁ་ཐོར་ནས་གཅིག་སྡུད་དང་རྡོག་པོར་བསྒྲིལ་བའི་བྱེད་ཐབས་བར་བསྒྱུར་ཏེ་དྲ་མིག་ནང་ཚུད་པའི་ཡུལ་མི་ཚང་མ་དང་བརྒྱུད་རིམ་ཧྲིལ་པོར་བབ་བསྟུན་ངང་དོ་དམ་དང་ཞབས་ཞུ་ཐུབ་པ་བྱུང་ཡོད།
         དར་ལག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཝེ་ཡིས“ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ཡོང་བའི་འཐབ་ཇུས་རྒྱས་བཤད་གནང་ནས་གྲོང་གསེབ་ཀྱི་མང་ཚོགས་དུང་ཕྱུར་དུ་མར‘ཐོན་ལས་དར་རྒྱས་དང་། སྣོད་བཅུད་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག’བཅས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་བཟང་པོ་ཞིག་འཆར་འགོད་བྱས་ཡོད། དར་ལག་རྫོང་འབྲོག་ཁུལ་ལ་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་ལས་དོན་བསྒྲུབས་པ་དེས་རང་རྫོང་གི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་ཆེད་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད་ལ་དར་ལག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་ཀྱང་གཏོད་རྒྱུ་རེད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།