འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་དར་མདོའི་ནས་ནག་བྲིན་ཁ་རྒྱུག་པས་གྲོང་མིར་འབབ་འཕར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སི་ཁྲོན་དར་མདོ་གྲོང་ཁྱེར་འགག་པ་ཤང་དུ་ཉི་འོད་ལྷམ་མེར་འཕྲོ་བ་དང་། འགག་པ་ཤང་གི་མུའུ་ཁྲི་ཟིན་པའི་ནས་ཀྱི་ཞིང་ཁ་སྔོ་ཐིང་ངེར་གྱུར་ནས། བོད་རིགས་གྲོང་མི་ཚོ་ཞིང་ནང་དུ་བྲེལ་འཚུབ་ལས་ལ་གཞོལ་བཞིན་ངོ་གདོང་ལ་དགའ་བའི་རྣམ་པས་ཁེངས།
         ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་སྲིད་གཞུང་གིས་རོགས་སྐྱོར་དང་། ཁེ་ལས་ཀྱིས་གཞོགས་འདེགས། མི་སེར་ལ་ཕན་འདོགས་པ་བཅས་དང་དེ་བཞིན“ཁེ་ལས་དང་། རྟེན་གཞི། ཞིང་དུད”བཅས་ཟུང་འབྲེལ་གྱི་ཐོན་ལས་ཅན་གྱི་དབུལ་སྐྱོར་བྱེད་སྟངས་ལ་བརྟེན་ནས་ཞིང་ལས་ཐོན་འཕར་དང་། མང་ཚོགས་ལ་འབབ་འཕར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས། མི་སེར་ལས་ཞུགས་ཡུན་རིང་ཐུབ་པ་དང་། ནས་བྲིན་ཁ་རྒྱུག་པ། འབབ་འཕར་བསྟུད་མར་བྱུང་ནས་འབྱོར་འབྲིང་དུ་སྐྱོད་པའི་དམིགས་ཚད་དུ་སླེབས་ཏེ། ས་གནས་དེ་གའི་ནས་ནག་དེ་སྔའི་རང་ཁ་རང་གསོ་ཐུབ་ཙམ་ནས་ད་ལྟའི་འབབ་འཕར་གྱི་རྟེན་གཞིར་གྱུར་ཏེ་གྲོང་མི་རྣམས་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པར་རམ་འདེགས་ཐུབ་ཡོད།
         འགག་པ་ཤང་ཐག་ཟམ་གྲོང་ཚོ་དང་མི་ལུང་གྲོང་ཚོར་བསྐྱོད་སྐབས། གྲོང་མི་རྣམས་ཞིང་ཁ་དང་སྔོ་ཚལ་གྱི་དྲོད་ཁང་ཆེ་མོའི་ནང་ལས་ལ་བྲེལ་བཞིན་མཆིས། “དེ་སྔ་གྲོང་ཚོའི་ལམ་ཚང་མ་སེག་མའི་ལམ་ཡིན་པ་དང་འགྲིམ་འགྲུལ་ཧ་ཅང་སྟབས་བདེ་པོ་མེད་པས། ནས་ནག་ལ་གོང་ཡག་པོ་རག་གི་མེད་སྟབས་རང་ཉིད་ཀྱིས་བཟའ་རྒྱུ་ལས་མ་འདས”གྲོང་ཚོར་ཨར་འདམ་ལམ་བཏིངས་རྗེས། ཁེ་ལས་མང་པོས་འདི་གར་ནས་ནག་ཉོ་བར་ཡོང་ནས་རིན་གོང་ཡང་རྒྱ་མ་གང་ལ་སྒོར་2.8རག་པ་དང་། ཁྲོམ་རའི་རིན་གོང་དང་བསྡུར་ན་རྒྱ་མ་གང་ལ་སྒོར་0.5ནས་0.6བར་མཐོ་བ་རག་གི་འདུག་པས། ཚང་མས་ནས་ནག་ཁེ་ལས་ལ་འཚོང་གི་ཡོད་ཅེས་སྐལ་བཟང་དབང་མོས་བརྗོད།
         2018ལོའི་ཟླ་3པར། འགག་པ་ཤང་མི་ལུང་གྲོང་ཚོས་ནས་ནག་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། གཅིག་གྱུར་ཐོག་དོ་དམ་དང་། གཅིག་གྱུར་ཐོག་ས་བོན་གདམ་སྒྲུག་རྩིས་ལེན། གཅིག་གྱུར་ཐོག་ལུད་རྒྱག་པ། གཅིག་གྱུར་ཐོག་བསྡུ་བ། གཅིག་གྱུར་ཐོག་འཚོང་བ་བཅས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་ཞིང་དུད་ཀྱིས་རང་གྲབས་བྱེད་པ་དང་ཐོན་ལས་དབུལ་སྐྱོར་གྱི་འཁོར་རྒྱུག་མ་དངུལ་དང་ཞིང་འབྲོག་ཅུས་ཀྱི་རྣམ་གྲངས་མ་དངུལ་ཟུང་འབྲེལ་བྱས་ཏེ་མ་དངུལ་ཁྲི་130ལྷག་ཙམ་གྲབས་གསོག་བྱས་ནས་ཆུ་འཁོར་བཙུགས་པ་དང་། ད་དུང་ནས་ནག་ལྷག་མ་རྣམས་རྩམ་པ་བཏགས་ནས་འཚོང་གི་ཡོད། ཚེ་རིང་རྒྱ་མཚོས་ཚོད་དཔག་བྱས་ན། ཁེ་ལས་ཀྱིས་ནས་ནག་མངགས་པའི་ཡོང་འབབ་ཕུད། 2018ལོའི་ཟླ་10བར་མི་ལུང་གྲོང་ཚོའི་ནས་ནག་བཙོངས་པའི་ཡོང་འབབ་མི་རེར་སྒོར་4000ཡས་མས་ཟིན་རྒྱུ་རེད།
          “ཐག་ཟམ་གྲོང་ཚོས་ནས་ནག་འདེབས་ཁྱོན་མུའུ་3000བར་རྒྱ་ཆེ་རུ་བཏང་བ་དེ་ནི་རྒྱ་ཁྱོན་ཆེ་བའི་འདེབས་འཛུགས་བྱེད་ཐེངས་དང་པོ་ཡིན”ཞེས་འགག་པ་ཤང་གི་ཏང་ཨུད་ཧྲུའུ་ཅི་འབྲུག་གྲགས་ཀྱིས་བཤད་པ་དང་དཔྱིད་རྨོད་བྱེད་འགོ་ཚུགས་པ་ནས་བཟུང་གྲོང་ཚོའི་ནང་མཐིལ་རྟོགས་བརྟག་དཔྱད་བྱས་ནས་ཁྱིམ་ཚང་མི་རེ་ངོ་རེའི་ས་བོན་གྱི་སྤུས་ཚད་འགན་ལེན་བྱས་ཏེ་མུའུ་རེའི་ཐོན་འབབ་རྒྱ་མ་260ཡོང་བའི་འགན་ལེན་བྱས་པ་དང་ཆབས་ཅིག ཤང་གིས་ད་དུང་ལས་སྣོན་རགས་ཙམ་བྱས་པའི་ནས་ནག་གི་སྤུས་རྟགས་བཏོད་དེ་མི་སེར་གྱི་ལས་ཞུགས་ཐག་གཅོད་བྱས་པ་དང་། གྲོང་མི་ཚོར་འབབ་འཕར་དང་དབུལ་སྒྲོལ་བརྟན་པོ་ཡོང་བར་རོགས་རམ་བྱས་ཡོད་ཅེས་ཁོང་གིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།