འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་1ཉིན།
  • མི་དམངས་དྲ་བ།

    ༄༅།།ཐུ་ནི་སིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱས་ཚུལ་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་01ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཐུ་ནི་སིས་རིག་གནས་གྲོང་ཁྱེར་བསྐྲུན་པ་དང་ཆབས་ཅིག་དངོས་སུ་སྤྱི་དམངས་ལ་སྒོ་དབྱེ་ཡོད། རིག་གནས་གྲོང་ཁྱེར་དེ་རྒྱལ་སའི་གྲོང་ཁྱེར་ལྟེ་གནས་ཀྱི་མུའུ་ཧན་མོ་ཏེ་སྐུ་ཐོག་ལྔ་པའི་ཁྲོམ་གཞུང་ཆེ་མོར་གནས་ཡོད། རིག་གནས་གྲོང་ཁྱེར་གྱི་བར་སྟོང་ཧ་ཅང་ཆེན་པོ་ཡོད་པས་རིག་གནས་ཀྱི་སྒྲིག་བཀོད་སྣ་ཚོགས་གང་དགོས་ཚང་མ་ཡོད་པ་སྟེ། གློག་བརྙན་ཁང་དང་། ཟློས་གར་ཁང་། འདུ་ཚོགས་ཁང་། གློག་བརྙན་གྱི་དཔྱད་གཞིའི་ཡིག་རིགས་ཁང་། ཕྱོགས་བསྡུས་རང་བཞིན་གྱི་སྣེ་མང་སྨྱན་སྦྱོར་གྱི་དཔེ་མཛོད་ཁང་སོགས་མང་པོ་ཡོད། ཨ་རབ་ཀྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཐུ་ནི་སིའི་རིག་གནས་གྲོང་ཁྱེར་ནི་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་རིག་གནས་ལྟེ་གནས་ཆེ་ཤོས་གྲས་ཤིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ཐུ་ནི་སིའི་རིག་གནས་བྱ་གཞག་འཕེལ་རྒྱས་བཏང་སྟེ་ཐུ་ནི་སིའི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་དར་སྤེལ་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
         ལོ་རྒྱུས་ཐོག་ཐུ་ནི་སི་ནི་ཀ་ཐའེ་ཅི་མི་རྒྱུད་ཀྱི་ཕ་ཡུལ་ཡིན་པ་རེད། དྲན་གསོ་ཞུ་ཆེད། ཐུ་ནི་སིས་རྒྱལ་སའི་བྱང་ཕྱོགས་ཀྱི་ཀ་ཐའེ་ཅིའི་རྗེས་ཤུལ་གཟབ་ནན་ངང་སྲུང་སྐྱོང་བྱས་པ་དང་ཆབས་ཅིག་ཉེ་འགྲམ་དུ་རྒྱལ་ཁབ་ཀྱི་གནའ་རྫས་རྟོག་ཞིབ་སྤྱི་གླིང་ཡང་བསྐྲུན་ཡོད། རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་ཡང“ཀ་ཐའེ་ཅི་རྒྱལ་སྤྱིའི་གནམ་ཐང”ཞེས་པར་མིང་བཏགས་ནས་རྒྱལ་དམངས་ལ་རང་ཉིད་ནི་ལོ་རྒྱུས་ཐོག་འོད་སྟོང་དང་ཤེས་དཔལ་གཏོད་མཁན་གྱི་ཀ་ཐའེ་ཅི་མི་རྒྱུད་ཀྱི་བུ་རབས་ཡིན་པར་སྐུལ་ལྕག་བྱས་ཡོད་པ་རེད།
         རང་བཙན་ཐང་ཆེན་དེ་ཐུ་ནི་སིའི་རྒྱལ་སའི་ལྟེ་གནས་ཀྱི་འཁྲུག་ཆ་དོད་པའི་པུར་ཅི་པ་ཁྲོམ་གཞུང་ཆེ་མོར་གནས་ཤིང་། ཐང་ཆེན་ཐོག་དུས་རབས་14པའི་ཐུ་ནི་སིའི་གྲགས་ཅན་མཁས་དབང་དབྱི་པན·ཧེར་ཏུན་གྱི་ཟངས་སྐུ་འགྱིང་ངེར་གནས་ཡོད་པ་རེད། ས་གནས་དེ་གའི་སྨྱན་སྦྱོར་གྱིས་ཟངས་སྐུ་དེ་ནི་ཐུ་ནི་སིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་པའི་དཔང་པོ་ཡག་ཤོས་ཤིག་རེད་ཅེས་བརྗོད་པ་དང་། དབྱི་པན·ཧེར་ཏུན་ནི་1332ལོར་ཐུ་ནི་སིར་འཁྲུངས་པ་དང་ལོ་རྒྱུས་རིག་པ་མཁས་ཅན་དང་སྤྱི་ཚོགས་རིག་པ་བ་ཞིག་ཡིན་ལ་དཔལ་འབྱོར་རིག་པ་མཁས་ཅན་ཞིག་དེ་བས་ཡིན་པས“རིག་གནས་ཀུན་བཏུས་རྣམ་པའི་རིག་གནས་མཁས་ཅན”ཞེས་པའི་མཚན་སྙན་ལྡན་ཡོད། ཐུ་ནི་སིའི་དཔེ་ཚོང་ཁང་ཆེ་ཁག་ཚང་མའི་ནང་སྨྱུག་འཛིན་པས་དབྱི་པན·ཧེར་ཏུན་གྱི་གསུང་རྩོམ་དང་དེ་བཞིན་འབྲེལ་ཡོད་དཔེ་དེབ་འཇོག་པ་མཐོང་བྱུང་།
         ཐུ་ནི་སིར་སྐྱོད་མྱོང་མཁན་ཞིག་ཡིན་ཕྱིན་རྒྱལ་སའི་བྱང་རྒྱུད་ཀྱི“སྔོ་ལྗང་གྲོང་རྡལ་ཆུང་ངུའི”ཡུལ་ལྗོངས་མཛེས་པོའི་ཁྲོད་ཅི་དགར་གནས་ཐུབ། གྲོང་རྡལ་ཆུང་ངུ་དེའི་མིང་ལ་ཞི་ཏི་པུའུ་སའེ་ཞེས་འབོད་པ་དང་རི་འདབས་སུ་བསྐྲུན་ཡོད་ལ་ཕྱོགས་གསུམ་ནི་རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་ས་དབུས་རྒྱ་མཚོས་སྐོར་ཡོད་པ་རེད། གྲོང་རྡལ་ཆུང་ངུའི་ཁྲོད་ཀྱི་ཁང་པ་ཚང་མའི་སྒོ་དང་སྒེའུ་ཁུང་དང་། མདའ་གཡབ། ཀ་བ་སོགས་ཀྱི་ཐོག་མངོན་གསལ་དོད་པའི་ཚོས་གཞི་མཐིང་མདོག་བརྐོས་ཡོད་པ་དེ་དཀར་གཙང་གི་ཁང་པའི་རྒྱང་ངོས་དང་ཕན་ཚུན་བསྡུར་བ་བཞིན་མངོན་གསལ་ཧ་ཅང་དོད་པོ་ཡོད་པ་རེད། ལོ་100ལྷག་ཙམ་རིང་མིང་དོན་མཚུངས་པའི་དཀར་སྔོན་མདོག་གི་གྲོང་རྡལ་ཆུང་ངུ་དེ་ཐུ་ནི་སིའི་ཡུལ་སྐོར་མིང་བྱང་ཞིག་ལ་གྱུར་བ་མ་ཟད་ཐུ་ནི་སིས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་ཐུབ་པའི་གཏམ་བཟང་ཞིག་ལ་དེ་བས་གྱུར་ནས་མི་ཚོས་གླེང་དགའ་བར་འགྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།